དབུ་ཤོག>ཆེད་སྒྲིག
  • ལྟ་སྐུལ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱུན་གཏན་གྱི་ལྟ་སྐུལ་ཏན་ཏིག་དང་ཞིབ་ཚགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-12

    ལྟ་སྐུལ་བྱེད་པ་ནི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་འགན་འཁྲི་དང་པོ་དང་གཞི་རྩའི་འགན་འཁྲི་ཡིན། ཀྲུང་དབྱང་སྒྲིག་ཨུད་ཀྱི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་རྒྱུན་གཏན་གྱི་ལྟ་སྐུལ་ཞིབ་ཚགས་དང་ཏན་ཏིག་བྱས་ནས་རྒྱུན་དུ་ནས་ལྟ་སྐུལ་བྱེད་པ་དང་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་བྱེད་དགོས་པའི་ནན་བཤད་བྱས་ཡོད། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་སྔོན་ལ་འཇོག་པ་དང་རྒྱུན་དུ་ནས་ལྟ་སྐུལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འགག་རྩའི་མི་དང་འགག་རྩའི་གནས་ལ་དམ་འཛིན་གྱིས་ལྟ་སྐུལ་སྒྲིག་སྐྱོང་གི“ཐབས་རྣམ་བཞི”གཏིང་ཟབ་སྤྱད་དེ་ལྟ་སྐུལ་གྱི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

    “ང་ཚོས་ཏང་ཨུད(ཏང་ཙུའུ)ཀྱི་བྱེད་པོའི་འགན་འཁྲིའི་གནད་འགག་མངོན་གསལ་དོད་པོ་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས‘གཞོགས་འདེགས’དང‘ལྟ་སྐུལ’གྱི་འགན་འཁྲི་གཉིས་ལ་སྤྱི་འདོམས་བྱས་ཏེ། གཞོགས་འདེགས་ཁྲོད་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་ལྟ་སྐུལ་ཁྲོད་གཞོགས་འདེགས་བྱེད་པར་སྐུལ་འདེད་བཏང་ནས་ཏང་ཨུད་ལ་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ནན་ཏན་ངང་བསྒྲུབ་པར་གཞོགས་འདེགས་བྱས་ཏེ། གཞོགས་འདེགས་ཀྱི་འོས་འགན་དང་ལྟ་སྐུལ་གྱི་ཆེད་འགན་མཉམ་དུ་སྐུལ་འདེད་དང་དོན་འཁྱོལ་ཏན་ཏིག་ཐུབ་པ་བྱས་ཡོད། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དུས་རྒྱུན་དང་རྒྱུན་གཏན་ལ་གཞི་ཚུགས་ཏེ། ཏང་ཨུད་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པར་གཞི་རྟེན་ནུས་ལྡན་དང་སྤྱོད་གོ་ཆོད་པའི་ལས་སྟེགས་ཧུར་ཐག་བཏོད་ཡོད། ཕྱོགས་གཅིག་ནས་སྒྲིག་ཁྲིམས་ཀྱི་ལྟ་སྐུལ་དང་། ལྟ་ཞིབ་ཀྱི་ལྟ་སྐུལ། མངགས་གཏོང་གི་ལྟ་སྐུལ། སྐོར་གཟིགས་ཀྱི་ལྟ་སྐུལ་སོགས་བྱེད་ཐབས་བརྒྱུད། ལྟ་སྐུལ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་ཚན་ཁག་འཛུགས་སྐྱོང་བྱས་ཚུལ་དང་། “འགན་འཁུར་བ་གཙོ་བོའི”འགན་འཁྲི་སྒྲུབ་ཚུལ། ལས་བྱེད་པའི་བསམ་པའི་གནས་ཚུལ་སོགས་ལ་བརྟག་ཞིབ་གནད་འཁེལ་བྱས་རྗེས་དུས་ཐོག་ཏུ་རིམ་མཚུངས་ཀྱི་ཏང་ཨུད་ལ་སྙན་ཞུ་ཕུལ་བ་དང་འབྲེལ། འབྲེལ་ཡོད་ས་གནས་ཀྱི་ཚན་པ་དང་སྡེ་ཚན་གྱི་ཏང་ཨུད(ཏང་ཙུའུ)ལ་བརྡ་ཁྱབ་བཏང་ནས་རིམ་མཚུངས་ཏང་ཨུད་ལ་ཕྱོགས་ཡོངས་ནས་བྱེད་པོའི་གསལ་ཐོ་དོན་འཁྱོལ་བྱེད་རོགས་དང་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་ཐབས་ནུས་ལྡན་བཟོ་བ་དང་དག་ཐེར་ལ་ཤུགས་སྣོན་རྒྱག་པར་ལྟ་སྐུལ་བྱས་ནས་ཆབ་སྲིད་ཀྱི་ཁོར་ཡུག་མུ་མཐུད་གཙང་མ་ཡོང་བར་སྐུལ་འདེད་བཏང་ཡོད། ཕྱོགས་གཞན་ཞིག་ནས་ལྟ་སྐུལ་བྱ་ཡུལ་ས་གནས་ཀྱི་ཚན་པ་དང་སྡེ་ཚན་གྱི་དབང་ཆའི་གསལ་ཐོར་མུ་མཐུད་ཞིབ་བཤེར་དང་སྤྱོད་གཙང་གི་ཉེན་ཁའི་གནས་ལ་གྲལ་བཤེར་བྱས་པ་དང་། ལྷག་པར་དུ་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་ཤུགས་རྐྱེན་ཐེབས་པའི་ཡོངས་ཁྱབ་རང་བཞིན་དང་གཏིང་ཟབ་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་བྱས་ནས་སྒྲིག་བཤེར་ལྟ་ཞིབ་ལ་བསམ་འཆར་བཏོན་པ་དང་། ལྟ་སྐུལ་བྱ་ཡུལ་གྱིས་འགན་འཁྲིའི་གནོན་ཤུགས་བརྒྱུད་འདྲེན་དང་ཆབ་སྲིད་ཀྱི་འཛོལ་ཁྱད་ཡོ་བསྲང་བྱེད་པར་ལྟ་སྐུལ་བྱས་ནས་ལྟ་སྐུལ་དང་། དག་ཐེར། བཅོས་སྐྱོང་བཅས་ཕན་ཚུན་ཟུང་འབྲེལ་དམ་ཚགས་ཡོང་བར་སྐུལ་འདེད་བཏང་སྟེ་ཕྱོགས་བསྡུས་ཀྱི་ཕན་འབྲས་ཆེ་རུ་བཏང་ཡོད”ཅེས་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།

    ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བའི་འགག་རྩ་གཙོ་གནད་ལས་དོན་དང་གཙོ་གནད་མི་སྣར་དམ་པོར་དམིགས་དགོས། “གཙོ་གནད་ལས་དོན”ཐད། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་བྱ་ཡུལ་གྱི་འགན་འཁྲི་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཡིག་འབུལ་ཞུ་བཅར་བདག་སྤྲོད་དང་། ཁུངས་སྣེ་ཐག་གཅོད། སྐོང་འདྲི་དྲན་སྐུལ། གླེང་མོལ་དང་ཡིག་ཐོག་འདྲི་རྩད། དམངས་གཙོའི་འཚོ་བའི་ཚོགས་འདུར་ཞུགས་པ་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ། ལྟ་སྐུལ་བྱ་ཡུལ་གྱི་བསམ་བློ་དང་། ལས་དོན། སྤྱོད་ཚུལ། འཚོ་བ་བཅས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་ཤེས་རྟོགས་བྱས་ཤིང་། ཐོན་བཟོ་ཡོད་པ་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ནམ་ཡང་ན་སྒྲིག་འགལ་ཆུང་ངུའི་གནད་དོན་ཤེས་རྟོགས་ཐུབ་ཚེ་དུས་ཐོག་ཏུ་སྐོང་འདྲི་དྲན་སྐུལ་དང་། སྐྱོན་བརྗོད་སློབ་གསོ། བཀའ་གཏོང་ཞིབ་བཤེར། དྲན་སྐུལ་སློབ་གསོ་གཏོང་བ་བཅས་བྱས་ནས། ཏང་ཡོན་ལས་བྱེད་པ་དང་གཞུང་དོན་ལས་སྒྲུབ་པས་ལྟ་སྐུལ་ཡུན་དུ་གནས་པ་ཚོར་ཐུབ་པ་བྱེད་དགོས། དེ་དང་དུས་མཚུངས། རྒྱུན་གཏན་གྱི་ལྟ་སྐུལ་དང་ཡིག་འབུལ་ཞུ་བཅར་ཐེར་འདོན་དང་སྐོར་གཡེང་སྐོར་ཞིབ་ཟུང་འབྲེལ་བྱས་ཏེ། གནད་དོན་དག་ཐེར་ཡོ་བསྲང་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དག་ཐེར་ཡོ་བསྲང་བྱེད་ཤུགས་མི་འདང་བ་དང་ཡིག་ཐོག་གི་དག་ཐེར་ཡོ་བསྲང་དང་དག་ཐེར་ཡོ་བསྲང་རྫུན་མ་བྱེད་རིགས་ཀྱི་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས། “གཙོ་གནད་མིའི”ཐད། འགག་རྩའི་ཉུང་ཤས་དང་ལྷག་པར་དུ“འགན་འཁུར་བ་གཙོ་བོར”ལྟ་སྐུལ་མངོན་གསལ་དོད་པོ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ལ《“འགན་འཁུར་བ་གཙོ་བོ”དང་འགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ཞིབ་འཇུག་དང་བཟོ་རོགས་བྱས་ཏེ། ཏང་ཨུད(ཏང་ཙུའུ)དང་། སྒྲིག་བཤེར་ལས་ཁུངས། ཏང་གི་ལས་དོན་སྡེ་ཚན་བཅས་ཀྱིས་འགན་འཁྲི་ནན་པོ་འཁུར་བ་དང་ཁོངས་གཏོགས་ཁུལ་ལ་དོ་དམ་ནན་པོ་བྱས་ནས་གཙོ་གནད་ལྟ་སྐུལ་བྱ་ཡུལ་ལ་སྐོར་གཟིགས་སྐོར་ཞིབ་བྱས་ཏེ། འགན་འཁྲི་དང་སྤྱོད་གཙང་གླེང་བ་དང་འབྲེལ། དཔྱད་མོལ་གྱི་ལམ་ལུགས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་གོང་རིམ་གྱི“འགན་འཁུར་བ་གཙོ་བོས”ལག་བསྟར་ནན་ཏན་བྱེད་པ་དང་དེ་བཞིན“འགན་འཁུར་བ་གཙོ་བོས”སྙན་ཞུའི་ལམ་ལུགས་ལག་བསྟར་བྱས་ཚུལ་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱེད་པ་སོགས་ཐད་ཤུགས་སྣོན་བརྒྱབ་ནས“འགན་འཁུར་བ་གཙོ་བོར”ལྟ་སྐུལ་ཡག་པོ་བྱེད་པར་བླང་བྱ་གསལ་པོ་བཏོན་ཡོད།

    རྒྱུན་གཏན་གྱི་ལྟ་སྐུལ་དངོས་དངོས་རྗེན་རྗེན་གྱིས་བྱེད་པ་དང་དམིགས་སར་འཁྱོལ་བ་བྱེད་པར། སྒྲིག་བཤེར་དང་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་བྱས་ཏེ། ལྟ་སྐུལ་གྱི་ངེས་གནས་ལ་དམིགས་པ་དང་། ལྟ་སྐུལ་གྱི་འགན་འཁྲི་ནན་དུ་གཏོང་བ། ལྟ་སྐུལ་གྱི་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་ལས་ཁུངས་ཀྱིས་ལྟ་སྐུལ་ཞིབ་བཤེར་ཁང་གི“གཅིག་གཏད་གཅིག”གི་ཁ་གཏད་འབྲེལ་གཏུག་ས་ཁུལ་དང་གྲོང་ཁྱེར་ཡོངས་སུ་ཁྱབ་རྒྱུ་རིམ་བཞིན་མངོན་འགྱུར་བྱེད་པ་དང་ཆབས་ཅིག མངགས་གཏོང་ལས་ཁུངས་ཀྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་མངགས་གཏོང་ཏང་སྲིད་ལས་ཁུངས་ཀྱི་ལས་ཁུངས་19ནས་16བར་ཁུ་བསྡུ་བྱས་པ་མ་ཟད། རང་སྐྱོང་ལྗོངས་དོ་དམ་གྱི་གཞུང་ཁོངས་ཁེ་ལས་4རུ་མངགས་གཏོང་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་བཙུགས་ནས་མངགས་གཏོང་ལས་ཁུངས་ཀྱི་ལྟ་སྐུལ་ལས་དོན་གྱི་གསལ་ཐོ་བཟོས་ཏེ། མངགས་གཏོང་ལས་ཁུངས་ཀྱི་བཀོད་སྒྲིག་སྔར་བས་ལུགས་མཐུན་དང་། སྟོབས་ཤུགས་སྔར་བས་གཅིག་སྡུད། ཁྱོན་ཡོངས་ལ་ཁྱབ་པ། ལྟ་སྐུལ་སྔར་བས་གནད་སྨིན་བཅས་ཡོང་བར་སྐུལ་འདེད་བཏང་བ་རེད།

    རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ“སློབ་སྦྱོང་གཏིང་ཟབ་དང་། བརྟག་ཞིབ་ཏན་ཏིག དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་ལས་ཀའི་བྱ་ཐབས་མཐའ་འཁྱོངས་ཀྱིས། སྒྱུར་བཅོས་ཁག་གསུམ་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་འབྲེལ་ཡོད་བཀོད་སྒྲིག་གི་བླང་བྱ་ཟབ་སྦྱོང་མཐིལ་རྟོགས་བྱེད་པའི་སྔོན་འགྲོའི་འོག་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ་ས་ཁུལ་དང་གྲོང་ཁྱེར། རྫོང་དང་ཆུས། ཤང་དང་གྲོང་རྡལ་བཅས་སུ་བརྟག་ཞིབ་བྱེད་པར་ཐེངས་མང་བསྐྱོད་ནས། རང་ལྗོངས་ཀྱི་གཞི་རིམ་གྱི་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱིས་ལས་ཁུངས་འཛུགས་པ་དང་། འགན་འཁྲི་སྒྲུབ་པ། སྟོབས་ཤུགས་བསྡུ་སྒྲིལ། དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ཐད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ཤེས་རྟོགས་གཏིང་ཟབ་བྱས་པ་མ་ཟད། དམིགས་སའི་རང་བཞིན་གྱི་སྒོ་ནས་སྒྱུར་བཅོས་ལས་ཀའི་བསམ་ཕྱོགས་དང་ཐབས་ལམ་ཇུས་འགོད་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ལ་གཞོགས་འདེགས་ཀྱིས《རྫོང་རིམ་པའི་སྒྲིག་བཤེར་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཞིབ་འཇུག་བྱས་ནས་བཏོན་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས། འདི་ལོའི་གཞི་རིམ་གྱི་སྒྲིག་བཤེར་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་གཙོ་གནད་ནི་རྫོང་དང་ཤང་གི་ས་ཁོངས་ཀྱི་ཁྱད་ཆོས་དང་དཔུང་ཁག་གི་གནས་ཚུལ་ལ་བསམ་གཞིག་གང་ལེགས་བྱས་ཏེ། རྫོང་དང་ཆུས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ནང་བཙུགས་ལས་ཁུངས་ཀྱི་བཀོད་པ་ལེགས་སུ་གཏོང་རྒྱུར་མཛུབ་ཁྲིད་བྱས་ནས་ཚན་རིག་དང་མཐུན་པའི་ངང་འགན་ནུས་བཀོད་སྒྲིག་བྱེད་པ་དང་། ལྟ་སྐུལ་ལས་དོན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དམག་ཤུགས་གཅིག་སྡུད་ཀྱིས་གནད་སྨིན་ངང་གྱོད་གཞི་ཐག་གཅོད་ལ་ལྟ་སྐུལ་བྱེད་པ། གཞི་རིམ་གྱི་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།