རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོགས་རྗེས། རང་ལྗོངས་ཀྱི་ཁྲལ་དོན་ཁོངས་གཏོགས་སུ་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་བ་དང་འབྲེལ། ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས“ཁྲལ་འཇལ་མཁན་དང་གྲོན་དངུལ་འཇལ་མཁན་གྱི་རེ་སྒུག་དང་ཁྲལ་དོན་པའི་བློ་ཁ་ཕྱོགས་ས”འདུ་ཤེས་སུ་མཐའ་འཁྱོངས་བཟུང་ནས་ཁེ་ལས་དང་དམངས་ལ་ཕན་པའི་བྱ་ཐབས་ཁག་སྤྱི་འདོམས་ལག་ལེན་བསྟར་ཏེ་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་རོགས་རམ་བྱས་པ་རེད།
ལྗོངས་ཡོངས་ཀྱི་གཉེར་སྐྱོང་བྱེད་པོ་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ཞབས་འདེགས་ཞུ་མཁན་སྡེ་ཚན་གལ་ཆེན་གྱི་ངོས་ནས། རང་ལྗོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་དཔལ་འབྱོར་བརྟན་པོ་ཡོང་བའི་རྩ་བའི་དགོངས་གཞི་ཁོང་དུ་ནན་པོར་ཆུད་པར་བྱས་ནས་ཁེ་ལས་ཀྱི་དཀའ་ངལ་སེལ་བའི“སྣ་འདུས་ཐབས་བཟང”བཏོན་ཏེ། ཁྲལ་གྲོན་གྱི་གཟིགས་སྐྱོང་སྲིད་ཇུས་གསར་ཤོས་དང་ཁྲལ་འཇལ་གྱི་ཇུས་གཞི་བཟང་ཤོས་དུས་ཐོག་ཏུ་རྒྱ་ཆེའི་ཁྲལ་འཇལ་བར་ཁྱབ་གདལ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་ཕུལ་བ་སྟེ།
—— ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཁྲལ་འཇལ་མཁན་དང་གྲོན་དངུལ་འཇལ་མཁན་གྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ལ་དམིགས་ཏེ། “དམངས་ཕན་ཁྲལ་སྒྲུབ་ཀྱི་བྱ་སྤྱོད”ཀྱི་ཁྲལ་གྲོན་ཞབས་འདེགས་བྱ་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཡོད་ལ། དམངས་གཉེར་ཁེ་ལས་ལ་སྟབས་བདེའང་བསྐྲུན་ཡོད་པ་རེད།
—— ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཁྲལ་བསྡུའི་འགན་ནུས་ལ་གཞི་ཚུགས་རྒྱུ་མཐའ་འཁྱོངས་ཀྱིས“ཁྲིམས་སྐྱོང་དང་། སྤྱོད་གཙང་། གསར་གཏོད། ལས་ཕྱོད། དངོས་སྒྲུབ”བཅས་ཀྱི་ལས་ཀའི་བྱེད་ཕྱོགས་གཏན་འཁེལ་བྱས་ནས“གཡུལ་ས་ལྔ”འཛུགས་སྐྲུན་གཏིང་ཟབ་བྱས་ཏེ་རང་འགུལ་ངང་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ་རེད།
—— ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་སློག་སྲིད་ཇུས་ཀྱི་ཆ་རྐྱེན་དང་མཐུན་པའི་ཁྲལ་འཇལ་བ་དང་གྲོན་འཇལ་བ་བདམས་ནས“གཅིག་གཏད་གཅིག”གི་དྲ་ཐོག་ཟུར་ཁྲིད་བྱས་པ་དང་། གློག་རྡུལ་དྲིལ་བསྒྲགས་བརྙན་ཤེལ་དང་ཁྲལ་བསྡུ་དང་ཁེ་ལས་སྤེལ་རེས་ཚོགས་པའི་དྲིལ་བསྒྲགས་ཁྱབ་གདལ་སྲིད་ཇུས་བརྒྱུད། ཁྲལ་འཇལ་བ་དང་གྲོན་འཇལ་བར་སྲིད་ཇུས་ཀྱི་ཁེ་སྤོགས་ཤེས་དགོས་རིགས་ཤེས་པ་དང་ལོངས་སྤྱོད་བྱེད་དགོས་རིགས་ལོངས་སུ་སྤྱོད་ཐུབ་པར་བྱས་པ་རེད།
རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་རིག་ནུས་ཁྲལ་དོན་འཛུགས་སྐྱོང་དང་དེ་བཞིན་གྲངས་གཞི་ཆེན་པོ་དང་རིག་ནུས་ཅན་སོགས་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་ཀྱི་ངེས་གནས་དང་འཆར་གཞིའི་གོ་སྐབས་ལ་བརྟེན་པས་རང་ལྗོངས་ཀྱི་ཁྲལ་གྲོན་ཞབས་ཞུའི་མ་ལག་ལའང་འགྱུར་ལྡོག་གསར་རྐྱང་ཞིག་བྱུང་ཡོད།
འདི་ལོའི་ཟླ་3ཚེས་1ཉིན་རང་ལྗོངས་ཀྱིས《ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་ཤིང་། ནོར་ཁྲལ་གྱི་རྒྱབ་སྐྱོར་དང་། མ་དངུལ་བསྡུ་སྒྲིལ་ལ་སྐུལ་འདེད། ལས་གཏོད་རོགས་སྐྱོར། གསར་གཏོད་རྒྱབ་སྐྱོར། ཁྲོམ་ར་གསར་འབྱེད། ཞབས་ཞུའི་བྱ་ཐབས། ཁེ་དབང་སྲུང་སྐྱོང་། ལྟ་སྐུལ་ཞིབ་བཤེར་སོགས་ལ་བརྟེན་ནས་རང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་གི་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་སྟེ། ཁེ་ལས་འབྲིང་ཆུང་དྲང་གཞག་ངང་ཁྲོམ་རའི་འགྲན་རྩོད་ནང་ཞུགས་ཐུབ་པའི་འགན་ལེན་དང་ཁེ་ལས་འབྲིང་ཆུང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཆེད་བཅའ་ཁྲིམས་ཀྱི་འགན་ལེན་བྱས་ཡོད།
ལྗོངས་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་ཆེད། རང་ལྗོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་ཁྲལ་འབྲེལ་གྲོན་དངུལ་གྱི་དོན་ཚན་རྒྱུན་ཆད་མེད་པར་སྟབས་བདེ་རུ་བཏང་བ་དང་། 《ཁྲལ་གཉེར་དོན་ཚན་གྱི“ཐེངས་གཅིག་ལས་རྒྱུག་མི་དགོས་པའི”གསལ་ཐོ》 ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རིགས་ཆེ་གྲས་14ཡི་རྒྱུན་མཐོང་གི་ཁྲལ་འབྲེལ་དོན་ཚན་178ཐེངས་གཅིག་ལ་བསྒྲུབས་པ་རེད། “དེ་ལྟར་བྱས་པས་ཁྲལ་སྒྲུབ་དུས་ཚོད་ཐུང་དུ་ཕྱིན་པ་དང་། ཁྲལ་འཇལ་འདུན་ཞུའི་བྱེད་ཐབས་མུ་མཐུད་ལེགས་སུ་ཕྱིན་པ། ཁྲལ་སྒྲུབ་ཀྱི་གྲོན་འཇལ་བརྒྱུད་རིམ་མུ་མཐུད་ཁུ་བསྡུ་བྱུང་ནས་ལྗོངས་ཡོངས་ཀྱི་ཁྲལ་འཇལ་བ་དང་གྲོན་འཇལ་བའི་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ངོ་སྤྲོད་བྱས།
བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཁྲལ་འཇལ་ཞབས་ཞུ་ཁྲུའི་འགན་འཁུར་བས“གོམ་སྟབས་རྗེས་མར་ང་ཚོས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་སྔར་བས་ཞིབ་ཚགས་ཅན་དང་། རིག་ནུས་ཅན། སྟབས་བདེ་ཅན་བཅས་ཀྱི་དམངས་ཕན་ཁེ་ལས་ཀྱི་བྱ་ཐབས་སྤྱད་དེ་ཁྲལ་འཇལ་བ་དང་གྲོན་འཇལ་བའི་བློ་ཡིད་ཚིམ་ཚད་དང་ཐོབ་སྣང་ཟམ་མི་ཆད་པར་ཆེ་རུ་བཏང་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཁྲལ་དོན་གྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད་པ་རེད།