ས་རུབ་མ་ཐག་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་ཁྱིམ་ཚང་ཚང་མ་ནས་གློག་འོད་རབ་ཏུ་འཚེར་ཞིང་། རི་སྟེང་ནས་ལྟ་སྐབས་གྲོང་གསེབ་ཏུ་སྐར་འོད་ཆེམ་ཆེམ་འཕྲོས་པ་ལྟར་སྣང་།
2018ལོར། རིང་ཚད་ལ་ཁྱོན་སྤྱི་ལེ་28ཟིན་པའི་ཆན་ཧྥུའུ་10ཡི་གློག་སྐུད་ལ་ཀླུང་བརྒལ་ནས་ཡུལ་སྨད་ཤང་དུ་ཁྲིད། དུས་དེ་ནས་བཟུང་མཐའ་མཚམས་ཀྱི་ཤང་དང་གྲོང་རྡལ་དེར“དྲོ་སྐྱིད་ལྡན་པའི་གློག”སྤྱོད་ཐུབ་ནས་ས་གནས་དེ་གའི་མི་སེར་གྱི་ཐོན་སྐྱེད་དང་འཚོ་བར་རིམ་བཞིན་འགྱུར་ལྡོག་འགྲོ་འགོ་ཚུགས།
ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་བསོད་ནམས་དོན་གྲུབ་ཀྱི་ཁྱིམ་དུ་སྐྱོད་སྐབས། བརྙན་འཕྲིན་དང་། འཁྱག་སྒམ། འཁྲུད་འཁོར་སོགས་དེང་རབས་ཀྱི་ཁྱིམ་སྤྱོད་གློག་ཆས་གང་དགོས་ཅི་དགོས་ཡོད་པ་དང་། སློབ་སྦྱོང་ལ་སྤྱོད་པའི་ཕྲུ་གུ་ཚོའི་གློག་ཀླད་སྒྲོག་རྩེའི་སྒང་དུ་བསྒྲིགས་ཡོད་པ་གསར་འགོད་པས་མཐོང་བྱུང་།
“དེ་སྔོན་དགུན་ཁ་དགོང་མོ་རྟག་ཏུ་མལ་ལས་ལངས་ནས་ཐབ་ལ་མེ་ཤིང་འབུད་དགོས་ཀྱི་ཡོད། ད་ཆ་དྲོད་ཆས་དང་དྲོད་སྙོམས་འཕྲུལ་ཆས་སོགས་ཡོད་པས། ནམ་མ་ལངས་བར་གཉིད་སྐྱིད་པོ་ཉལ་རྒྱུ་འདུག དེ་སྔོན་གཟུགས་པོ་བཀྲུ་དགོས་ཚེ་ང་ཚོ་རྫོང་གྲོང་དུ་འགྲོ་དགོས་ཀྱི་ཡོད། ད་ཆ་ཁྱིམ་ཚང་ཚང་མར་གློག་གི་ཆུ་ཚ་པོ་བཟོ་ཆས་བསྒར་ཡོད་པས་གཟུགས་པོ་ག་དུས་བཀྲུ་བཀྲུ་རེད”ཅེས་ཡུལ་སྨད་གྲོང་ཚོའི་ཡུལ་མིས་བརྗོད་པ་དང་། འགྱུར་ལྡོག་དེ་དག་གླེང་སྐབས་ཡུལ་སྨད་གྲོང་ཚོའི་ཡུལ་མི་ཚོའི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར།
བསོད་ནམས་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། གློག་དྲ་ཆེན་པོའི་གློག་མ་ཁྲིད་གོང་ཡུལ་སྨད་གྲོང་ཚོས་ཆུ་ཤུགས་གློག་ཁང་ཆུང་ཆུང་གཅིག་ལ་བརྟེན་ནས་གློག་གཏོང་གི་ཡོད། གློག་བརྟན་པོ་མེད་ལ་བདེ་འཇགས་ཀྱང་དེ་ཙམ་མེད་པས། ཁྱིམ་གྱི་གློག་ཆས་རྟག་ཏུ་འཚིག་གི་ཡོད། དེས་མ་ཚད་ཆུ་ཤུགས་གློག་ཁང་ཆུང་ཆུང་དེས་ལོ་ལྟར་ཟླ་6པ་ནས་ཟླ་11པའི་བར་ལས་གློག་གཏོང་ཐུབ་ཀྱི་མེད། དེ་བྱིངས་དུས་ཚོད་ལ་གྲོང་ཚོ་ཧྲིལ་པོར་གློག་མེད་པས་ཐོན་སྐྱེད་དང་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད།
“གློག་དྲ་ཆེན་པོའི་གློག་ཁྲིད་རྗེས་ཉེ་བའི་ལོ་ཤས་རིང་ང་ཚོས་ཡུལ་སྨད་གྲོང་ཚོའི་གློག་གནོན་སྒྱུར་ཆས་ཆན་ཧྥུའུ་ཨན་630ལ་རིམ་པ་སྤར་ནས་གློག་ཤུགས་བདེ་འཇགས་དང་བློས་འགེལ་ཆོག་པའི་འགན་ལེན་བྱས་པ་ཡིན”ཞེས་རྒྱལ་ཁབ་གློག་དྲ་ལྷུན་རྩེ་རྫོང་གློག་མཁོ་འདོན་ཀུང་སིའི་གསང་སྔགས་ཆོས་གླིང་གློག་མཁོ་འདོན་སུའོ་ཡི་སུའོ་ཀྲང་དབང་འདུས་ཀྱིས་བརྗོད་པ་དང་། ཁོང་གིས། སྐྱོན་ཤོར་ཚེ་གློག་མཁོ་འདོན་སུའོ་ཡི་ལས་མི་འཕྲལ་མར་ས་ཡུལ་དངོས་སུ་བསྐྱོད་དེ་ཉམས་བཟོ་བྱེད་ཀྱི་ཡོད་ཅེས་བརྗོད།
གློག་ཤུགས་འགན་ལེན་བརྟན་པོ་ཡོད་པར་བརྟེན་ནས། ཡུལ་སྨད་གྲོང་ཚོའི་ཡུལ་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་ཤུགས་ཚད་ཆེ་བའི་གློག་ཆས་སྣ་ཚོགས་ཉོས་ནས་ཁྱིམ་ཚང་ཚང་མར་དྲ་སྐུད་ཁྲིད་དེ་རིག་ནུས་ཁ་པར་དང་གློག་ཀླད་སྤྱོད་ཀྱི་ཡོད་པས། ཕྱི་རོལ་དང་འབྲེལ་བ་ཟབ་ཏུ་ཕྱིན་ཡོད། དེ་དང་ཆབས་ཅིག་ཡུལ་སྨད་ཤང་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ས་ཚིགས་སུ་བསྐྲུན་རྗེས། གྲོང་ཚོའི་དུད་ཚང་44ཡིས་ཞག་སྡོད་དང་སྒོ་རྩིས་ཚོང་ཁང་བཙུགས་པས་ཡུལ་མི་ཚོའི་ཡོང་འབབ་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་རེད།
གློག་ཤུགས་ཀྱི་འགན་ལེན་བརྟན་པོ་ཡོད་པར་བརྟེན་ནས། ཡུལ་སྨད་ཤང་གིས་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཤུགས་ཆེན་བསྐྲུན་ནས་གསར་བརྗེའི་ཡུལ་སྐོར་བྱ་ཡུལ་ཧུར་ཐག་བཏོད་པས། ཡུལ་མི་ཚོར་གཅིག་རྗེས་གཉིས་མཐུད་ངང“ཡུལ་སྐོར་ཡོང་འབབ”བྱུང་ནས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་པའི“དྲོ་སྐྱིད་ལྡན་པའི་གློག”ཀྱང་གྲོང་གསེབ་དར་རྒྱས་གཏོང་བའི“དམངས་ཕྱུག་གློག”ལ་རིམ་པ་སྤར་ཡོད་པ་རེད།