“གསར་དུ་བསྐོ་གཞག་བྱས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་རང་ཉིད་གཟི་བརྗིད་ཆེ་ལ་འགན་འཁྲི་ལྕི་པོ་ཡིན་པའི་ཚོར་སྣང་ཟབ་མོ་ཡོང་གི་འདུག་ལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནི་བླ་ན་མེད་པའི་ཆབ་སྲིད་ཀྱི་མཚན་སྙན་ཞིག་ཡིན་པ་དང་འགན་འཁྲི་ལྕི་པོ་ཡང་ཡིན་པ་ཟབ་མོ་ཚོར་གྱི་འདུག” རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་ལྗོངས་ཀྲུང་ཡོན་འཛུགས་སྐྲུན་རྒྱུ་ཆ་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་སྒྲོལ་དཀར་པེ་ཅིང་ནས་བོད་དུ་ཕྱིར་ལོག་བྱས་རྗེས་རྟག་ཏུ་ཉེ་འཁོར་གྱི་མི་རྣམས་ལ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་པའི་མྱོང་ཚོར་གླེང་གི་ཡོད།
ཟླ་3ཚེས་20ཉིན་སྒྲོལ་དཀར་གྱིས་བོད་ལྗོངས་ཀྲུང་ཡོན་འཛུགས་སྐྲུན་རྒྱུ་ཆ་ཚོགས་པ་ཚད་ཡོད་ཀུང་སིའི་ལས་མི་སྒྲིག་འཛུགས་བྱས་ཏེ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དྲོ་སྐྱིད་ཚོར་བའི་སྲིད་ཇུས་དང་དགའ་འོས་པའི་གནས་ཚུལ་ལས་བཟོ་ཚོ་དང་མཉམ་སྤྱོད་བྱས་པ་རེད།
ཟླ་3ཚེས་25ཉིན་སྒྲོལ་དཀར་གྱིས་ཞིབ་ཚགས་ངང་ལེགས་སྒྲིག་བྱས་པའི་སློབ་སྦྱོང་ཟིན་བྲིས་དེབ་ཁྱེར་ཏེ་ལྷ་ས་གྲོང་ཁྱེར་སྲིད་གྲོས་དང་ལྷ་ས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཆེད་དོན་བགྲོ་གླེང་ཚོགས་འདུར་ཞུགས་ཤིང་། བགྲོ་གླེང་ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡིན་པའི་ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་དང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་ལ་གོ་བ་གཏིང་ཟབ་བླངས་ནས་ཚོགས་ཞུགས་མི་སྣ་དང་མཉམ་དུ་རང་ཉིད་ཚོགས་འདུར་ཞུགས་པའི་མྱོང་ཚོར་མཉམ་སྤྱོད་བྱས་པ་རེད།
སྒྲོལ་དཀར་གྱིས་ཉིན་ཤས་རིང་སྒྲོག་འགྲེལ་བྱེད་ཞོར་དུ་སློབ་སྦྱོང་ཟིན་བྲིས་ལེགས་སྒྲིག་ནན་ཏན་བྱས་ནས་སྒྲོག་འགྲེལ་བྱེད་ཐེངས་རེར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ཞིབ་ཅིང་ཕྲ་བ་དང་གསལ་པོ་ཤོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་བཤད།
སྒྲོལ་དཀར་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡིན་པ་མ་ཟད། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་བོད་ལྗོངས་ཀྲུང་ཡོན་འཛུགས་སྐྲུན་རྒྱུ་ཆ་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དང་། བོད་ལྗོངས་གསར་པར་སྐྱེས་པ་དང་དར་དམར་འོག་འཚར་ལོངས་བྱུང་བའི“ལོ་རབས་70པའི་ནང་སྐྱེས”ཤིག་ཀྱང་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་རྒྱལ་ཁབ་ཀྱིས་དམངས་གཉེར་ཁེ་ལས་ལ“སྐྱོན་བྲལ་གཉིས”ཀྱི་ཐད་ནས་རྒྱབ་སྐྱོར་བྱས་པར་བརྟེན། སྒྲོལ་དཀར་གྱིས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོའི་རྗེས་བསྙེགས་ནས་ལས་གཏོད་ཀྱི་གོམ་པ་དང་པོ་སྤོས་པ་མ་ཟད། ཁེ་ལས་ལ་ཕན་འདོགས་པའི་རྒྱལ་ཁབ་ཀྱི་སྲིད་ཇུས་རབ་དང་རིམ་པའི་རྒྱབ་སྐྱོར་འོག་ཁོང་གི་ཁེ་ལས་ལ་འཕེལ་རྒྱས་མྱུར་པོ་བྱུང་ཡོད།
སྒྲོལ་དཀར་གྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2018ལོ་དང་2020ལོ་ཁག་སོ་སོར་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་འཚོགས་པར་བརྟེན། ངས་ཁེ་ལས་ལ་རིམ་སྤོར་ཕྱོགས་སྒྱུར་བྱ་ཆོག་པའི་གོ་སྐབས་མཐོང་བྱུང་ལ། ཐོན་སྐྱེད་ཀྱི་གཞི་ཁྱོན་རྒྱ་ཆེར་གཏོང་བའི་སེམས་ཤུགས་དང་གདེང་ཚོད་ཆེ་རུ་ཕྱིན་སོང”ཞེས་གསར་འགོད་པར་བཤད།
ཏང་དང་སྲིད་གཞུང་གི་ཉི་འོད་དང་སྦྲང་ཆར་འོག་ལོ་བཅུ་ཡང་མ་འགོར་བར་ཁོང་གི་ཁེ་ལས་ཀུང་སི་ཆུང་ཆུང་ཞིག་ནས་རང་ལྗོངས་ཀྱི་ལས་རིགས་ཁྲོད་ཀྱི་རིག་ནུས་ཅན་སྒྲིག་སྦྱོར་གྱི་འཛུགས་སྐྲུན་རྒྱུ་ཆ་ཀུང་སི་གསར་པ་ཞིག་ཏུ་འཕེལ་རྒྱས་ཕྱིན་ནས་ཁྲོམ་རའི་ཐོབ་སྐལ་གྱིས་30%ཡན་བཟུང་སྟེ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་གནམ་ས་གསར་པ་ཞིག་བཏོད་ཡོད།
“ཁེ་ལས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་ལ་དཀའ་ངལ་ཆེན་པོ་འཕྲད་པར་དམིགས་ནས་དཀའ་ངལ་སེལ་བར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམས་ནད་སོཌ་ཀྱི་རྐྱེན་པས་ཁེ་ལས་དང་སྒེར་གཉེར་ཚོང་དུད་མི་ཉུང་བ་ཞིག་ལ་དཀའ་ངལ་ཆེན་པོ་ཕྲད་ཡོད” རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱིས་སྒྲོལ་དཀར་ལ་བག་ཆགས་ཟབ་མོ་བཞག
“ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བའི་བྱ་ཐབས་མི་ཉུང་བ་ཞིག་བཏོན་ནས་གཉེར་སྐྱོང་བྱེད་པོ་ཁག་ལ་སྲིད་ཇུས་ཀྱི་ཁེ་སྤོགས་ལོངས་སྤྱོད་གང་ལེགས་ཐུབ་པར་བྱས་པས། ང་ཚོའི་ཀུང་སིའང་ཕན་པ་ཐོབ་པའི་ཚོགས་སྤྱིའི་གྲས་སུ་གྱུར་ཡོད། སླད་ཕྱིན་ད་དུང་མ་དངུལ་དང་མ་རྩ་མཉམ་འདྲེས་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། སྲིད་གཞུང་གི་ཁྲིད་སྟོན་གྱི་ནུས་པ་འདོན་པ། གསར་གཏོད་དང་མ་དངུལ་འཇོག་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྣམ་གྲངས་ཀྱི་མ་དངུལ་དང་མ་རྩ་མཉམ་འདྲེས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་པའི་འཕེལ་རྒྱས་གཏོང་སེམས་འཕེལ་བ་བཅས་བྱས་ཏེ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བར་སྣེ་ཁྲིད་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད། ངས་ཀྱང་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ལ་དྲན་སྐུལ་དང་། དམ་པ་དོན་གཉེར། གསར་འབྱེད་གསར་གཏོད། སྔོན་ཐོན་ལེགས་བརྩོན་བཅས་བྱས་ནས་རང་འཁྲིའི་ལས་འགན་ཡག་པོ་སྒྲུབ་ཀྱི་ཡིན་ལ། སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་ཡག་པོ་སྒྲུབ་པ་དང་ཟུང་འབྲེལ་བྱས་ཏེ་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བྱས་རྗེས་གསར་པ་འཇོག་གི་ཡིན”ཞེས་བཤད།