དབུ་ཤོག>ཆེད་སྒྲིག
  • བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-05

    ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པ་ཕྱོགས་ཡོངས་ནས་སྤེལ་བའི་སྐུལ་འདེད་ཚོགས་འདུ་དང་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ལྷ་སར་འཚོགས་པ་དང་། དེ་ཐོག་ནས་རང་ལྗོངས་ཀྱི་རྒྱལ་ཡོངས་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་མཚོན་ཞིང་། སྔོན་དཔག་བྱས་ན་2025ལོར་རྫོང(ཆུས)ཡོངས་ཀྱི་ས་རྒྱུ་ཡོངས་བཤེར་ལས་དོན་ལེགས་འགྲུབ་ཐུབ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཡོངས་བཤེར་གྱི་དམིགས་ཡུལ་ནི་ལྗོངས་ཡོངས་ཀྱི་རྨོ་ཞིང་དང་། ལྡུམ་ར། ནགས་ས། ན་ཁ་སོགས་ཀྱི་ས་རྒྱུའི་ནུས་པ་དང་ས་རྒྱུ་ཞིང་ལས་བེད་སྤྱོད་འོས་འཚམ་རང་བཞིན་གྱི་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་རྒྱུ་དེ་རེད། མིག་སྔར་ལྗོངས་ཡོངས་སུ་ས་རྒྱུ་ཡོངས་བཤེར་གྱི་བཀོད་སྒྲིག་གྲ་སྒྲིག་ས་ཚིགས་བསྡོམས་འབོར་ཁྲི་6.5ལྷག་ཙམ་ཡོད་པ་དང་། སྔོན་དཔག་བྱས་ན་ས་རྒྱུའི་དངོས་དཔེ་ཁྲི་8ལྷག་ཙམ་འཚོལ་བསྡུ་བྱས་ནས་ལས་སྒོ་གཙོ་བོ་མིན་རིགས་ཀྱི་བརྟག་དཔྱད་ཆ་འཕྲིན་ཁྲི་500ལྷག་ཙམ་དང་ལས་སྒོ་གཙོ་བོའི་རིགས་ཀྱི་དབྱེ་ཞིབ་ཚོད་ལྟའི་གྲངས་གཞི་ཁྲི་200ལྷག་ཙམ་འགྲུབ་རྒྱུ་རེད།

    མཇུག་མཐར། རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར) རྫོང(ཆུས)བཅས་ཀྱི་ས་རྒྱུ་ཡོངས་བཤེར་བྱས་འབྲས་གཞིར་བཟུང་། བོད་རང་སྐྱོང་ལྗོངས་ཀྱི་ས་རྒྱུ་ཡོངས་བཤེར་གྲངས་གཞིའི་མཛོད་དང་། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན། རྗེས་གྲབས་རྨོ་ཞིང་ཐོན་ཁུངས་སོགས་རིགས་ཁག་གི་ས་རྒྱུའི་ཆེད་དོན་གྲངས་གཞིའི་མཛོད་སོགས་བསྐྲུན་རྒྱུ་དང་འབྲེལ། སྙན་ཞུ་དང་དཔེ་དེབ་སྣ་ཚོགས་སྒྲིག་བཟོ་བྱས་ནས་སྲིད་གཞུང་དང་། མཐོ་སློབ། ཚན་ཞིབ་སློབ་གླིང་། ཞིང་འབྲེལ་ཁེ་ལས་སོགས་སྒྲིག་གཞིའི་བཀོལ་སྤྱོད་དགོས་མཁོ་སྐོང་རྒྱུ་རེད།

    ལྗོངས་ཡོངས་ཀྱི་ས་རྒྱུ་ཡོངས་བཤེར་ལས་དོན་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བའི་འགན་སྲུང་བྱ་ཆེད། རང་སྐྱོང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པ་ཕྱོགས་ཡོངས་ནས་སྤེལ་བའི་ལག་བསྟར་ཇུས་གཞི》སྒྲིག་བཟོ་བྱས་པ་དང་། རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར) རྫོང(ཆུས)བཅས་རིམ་གསུམ་གྱི་ས་རྒྱུ་ཡོངས་བཤེར་ལས་དོན་འགོ་ཁྲིད་ཚོགས་ཆུང(གཤམ་དུ“ཡོངས་བཤེར་གསུམ་གཞུང་ལས་ཁང”ཞེས་བསྡུ་རྒྱུ)བཙུགས་ནས་རིམ་ཁག་ས་རྒྱུ་ཡོངས་བཤེར་གསུམ་གཞུང་ལས་ཁང་གིས་སྲིད་འཛིན་ས་ཁོངས་འདི་ག་ཚན་པར་བྱས་པའི་ས་རྒྱུ་ཡོངས་བཤེར་གྱི་འགྲོ་གྲོན་དོན་འཁྱོལ་དང་། ལས་དོན་སྐུལ་འདེད། སྤུས་ཚད་ཚོད་འཛིན། གྲུབ་འབྲས་ཞིབ་བཤེར་རྩིས་ལེན་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།