གྲང་ངར་ཆེ་བའི་དགུན་གཞུང་རིང་མོ་ཕར་ལ་བསྐྱལ་བ་དང་སྦྲགས། དྲོ་འཇམ་གྱི་དཔྱིད་རླུང་དལ་བ་དལ་བུར་གངས་ལྗོངས་ས་མཐོར་ལྡང་འགོ་ཚུགས་ཤིང་། གང་སར་སྔོ་ལྗང་གི་མྱུ་གུ་འབུས་ནས་གསོན་ཤུགས་ཀྱིས་ཁེངས།
ཚེས་26ཉིན་ཞོགས་པའི་ཉི་གཞོན་ཤར་རིའི་སྤོ་ནས་འཛུམ་ཞལ་ངོམ་མ་ཐག་རྗེ་འབུམ་སྒང་ཁྲོམ་གཞུང་གིས་ཚེ་སྨོན་གླིང་སྡེ་ཁུལ་ཞི་བདེ་དགོན་པའི་སྒོ་རའི་ནང་དུ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་གཟབ་རྒྱས་སྤེལ་ཞིང་། གྲོང་མི་རྣམས་དེ་ཉིན་སྔ་པོ་ནས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་དེ་གར་འཛོམས།
རྗེ་འབུམ་སྒང་ཁྲོམ་གཞུང་ལས་དོན་ཨུ་ལྷན་དང་རྗེ་འབུམ་སྒང་ཁྲོམ་གཞུང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་འགན་འཁུར་བས་ད་ཐེངས་ཀྱི་རིག་རྩལ་བྱེད་སྒོ་གཙོ་བོ་སྤེལ་ཞིང་། ཚེ་སྨོན་གླིང་སྡེ་ཁུལ་ཏང་ཀྲི་པུའུ་ཤེས་དཔལ་ལག་ལེན་ལྟེ་གནས་དང་། རྗེ་འབུམ་སྒང་སྡེ་ཁུལ་ཏང་ཀྲི་པུའུ་ཤེས་དཔལ་ལག་ལེན་ལྟེ་གནས། རྨེ་རུ་སྡེ་ཁུལ་ཏང་ཀྲི་པུའུ་ཤེས་དཔལ་ལག་ལེན་ལྟེ་གནས། ར་མོ་ཆེ་སྡེ་ཁུལ་ཏང་ཀྲི་པུའུ་ཤེས་དཔལ་ལག་ལེན་ལྟེ་གནས་བཅས་ཀྱིས་སྒྲུབ་འགན་ཁུར་ཡོད། ཁྲོམ་གཞུང་དོན་གཅོད་ཁང་གི་འགོ་ཁྲིད་དང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི། རྒྱ་ཆེའི་ལས་བྱེད་ལས་བཟོ་དང་མང་ཚོགས། དེ་བཞིན་མངགས་གཏོང་ཁང་གི་ཉེན་རྟོག་པ་སོགས་གནས་འདིར་འདུས་ཡོད།
དང་ཐོག་རྗེ་འབུམ་སྒང་ཁྲོམ་གཞུང་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དང་རྗེ་འབུམ་སྒང་མངགས་གཏོང་ཁང་གི་སུའོ་ཀྲང་བསྟན་འཛིན་འཕྲིན་ལས་ཀྱིས་རིག་རྩལ་བྱེད་སྒོར་ཤིས་ཚིག་བསྒྲོན་ཞིང་། ཁོང་གིས། ཉེ་བའི་ལོ་ཤས་རིང་རྗེ་འབུམ་སྒང་ཁྲོམ་གཞུང་དོན་གཅོད་ཁང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ནུས་ཤུགས་ཡོད་རྒུས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བྱུང་བ་དང་། དཔལ་འབྱོར་བརྟན་པོའི་ངང་གོང་དུ་འཕེལ་བ། དམངས་འཚོའི་བྱ་གཞག་དབྱར་མཚོ་བཞིན་དུ་རྒྱས་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནུས་ལྡན་ཐུབ་པ་བཅས་བྱུང་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ང་ཚོས་དེ་བས་རང་འགུལ་གྱི་སྒོ་ནས་ལས་སླ་པོར་བྱུང་བ་མིན་པའི་དེང་གི་འཚོ་བར་གཅེས་སྤྲས་ལྡབ་བརྒྱ་བྱས་ནས། བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་དང་། དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཅས་བཏང་སྟེ། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་བརྗོད།
རྨེ་རུ་སྡེ་ཁུལ་རིག་རྩལ་རུ་ཁག་གི་མཉམ་གཞས《ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན》ཞེས་པའི་སྒྲའི་ཁྲོད་དངོས་སུ་འགོ་ཚུགས་ཤིང་། ཁོང་ཚོས་སྙན་པའི་གླུ་དབྱངས་ལ་བརྟེན་ནས་བོད་ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱའི་རྗེས་རབས་པ་རྣམས་ཟས་གོས་སྡོད་གསུམ་ལ་སེམས་ཁྲལ་ཅི་ཡང་མེད་ལ། གང་དགའ་གང་སྐྱིད་ངང་འཚོ་བ་གསར་པར་རོལ་རྒྱུ་བྱུང་བ་དང་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་ཕན་ཚུན་མཐུན་སྒྲིལ་དང་འབད་འཐབ་ཧུར་ཐག་བྱས་པ་ལས་བྱུང་བ་ཞིག་ཡིན་པ།
ར་མོ་ཆེ་སྡེ་ཁུལ་རིག་རྩལ་རུ་ཁག་གིས《བློ་ཁ་ཏང་ལ་ཕྱོགས》ཞེས་པ་འཁྲབ་སྟོན་བྱས་པས། གར་སྟེགས་ཀྱི་གཤམ་དུ་ཡོད་པའི་ལྟད་མོ་བ་ཚོས་དབྱངས་འགྲོས་དང་བསྟུན་ནས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་གཡུག་གཡུག་བྱས་ཏེ་བྱེད་སྒོའི་རྣམ་པ་དེ་བས་འཁྲུག་ཆ་དོད་དུ་བཏང་ཡོད། སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་སྦྲགས་དྲ་འཕྲིན་ཡང་ཉིན་རེ་ལས་མ་འདས་པར་གྲོང་མིའི་འཚོ་བའི་ནང་བེད་སྤྱོད་བྱེད་ཚད་མང་དུ་འགྲོ་བཞིན་ཡོད། དེས་ན་བྱེད་སྒོ་སྤེལ་བའི་སྐབས་དང་བསྟུན་ཏེ་རྗེ་འབུམ་སྒང་ཁྲོམ་གཞུང་ལས་དོན་ཨུ་ལྷན་གྱིས་གྲོང་མི་ཚང་མས་རྒྱུས་མངའ་ཆེ་བའི་གྲོང་ཁྱེར་ཁ་བསླུས་སྔོན་འགོག་ལྟེ་གནས་ཀྱི་ཉེན་རྟོག་པ་སྐལ་གཡང་གདན་འདྲེན་ཞུས་ཤིང་། ཁོང་གིས་ས་ཡུལ་དངོས་སུ་དྲ་རྒྱའི་ཁ་བསླུས་སྔོན་འགོག་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་ཀྱི་དྲི་བ་བཏོན་པར་གྲོང་མི་ཚོས་ཉན་ཞོར་དུ་འཚང་ཁ་ཤིག་ཤིག་ངང་ལན་བརྒྱབ་པས། དྲ་རྒྱའི་ཁ་བསླུས་ལ་དབྱེ་འབྱེད་དང་འགོག་ཟོན་བྱེད་པའི་གྲོང་མིའི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།
ཟླ་3པའི་ཚེས་28ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཡིན་པས། དེ་རིང་ང་ཚོ་འདི་གར་གཞས་དང་ཞབས་བྲོ་འཁྲབ་པར་ཡོང་རྒྱུ་བྱུང་བར་སེམས་ནང་ཧ་ཅང་དགའ་པོ་དང་སྐྱིད་པོ་བྱུང་། དེ་དང་ཆབས་ཅིག བྱེད་སྒོའི་ཐོག་གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་སོང་། ངས་གྲོང་མི་མང་ཚོགས་ལ་དེའི་སྐོར་བརྒྱུད་བསྒྲགས་ཡག་པོ་བྱེད་ཀྱི་ཡིན་ཞེས་རྨེ་རུ་སྡེ་ཁུལ་གྱི་གྲོང་མི་པ་སངས་རྒྱལ་མོས་གསར་འགོད་པར་བརྗོད་བྱུང་།
རྗེ་འབུམ་སྒང་སྡེ་ཁུལ་གྱི་དྲིལ་བསྒྲགས་པ་བདེ་གཡང་གིས། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བར་དྲན་གསོ་ཞུ་བའི་ཉིན་མོ་འཆར་ལ་ཉེ་བའི་དུས་འདིར་རྗེ་འབུམ་སྒང་ཁྲོམ་གཞུང་གིས་བོད་གསར་རྙིང་བསྡུར་བའི་དྲིལ་བསྒྲགས་འགྲེམས་པང་སྟོན་པ་དང་། བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ། གྲོང་མི་མང་ཚོགས་ལ་སྨན་རིན་སྤྲོད་མི་དགོས་པར་སྨན་བཅོས་དང་སྨན་སྤྲོད་པ་སོགས་གྲོང་མིར་ཕན་པའི་བྱེད་སྒོ་སྣ་ཚོགས་སྤེལ་བ་མ་ཟད། ང་རང་ཡང་བྱེད་སྒོའི་འདིའི་ནང་ཞུགས་པར་དགའ་ཚོར་ཆེན་པོ་བྱུང་། ང་ཚོ་ན་གཞོན་ཚོས་ད་ལྟའི་འཚོ་བ་གསར་པར་གཅེས་སྤྲས་བྱས་ནས། མུ་མཐུད་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་ཀྱི་ཡིན་ཞེས་གསར་འགོད་པར་བརྗོད་བྱུང་།