མཛེས་ལྡན་ཁྱིམ་གཞིས་བསྐྲུན། ལོངས་སྤྱོད་ཕུན་སུམ་ཚོགས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྤྱད་འབད་འཐབ་དང་སྙིང་རུས་བརྟན་འཁྱོངས་བྱས་པས། སྤྱི་ཚོགས་ཀྱི་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཞིང་། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བ་མ་ཟད། མི་དམངས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་ཕྱིན་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་སྔོན་ཆད་དང་བསྡུར་ཐབས་བྲལ་བའི་འགྱུར་ལྡོག་བྱུང་ཡོད”ཅེས་ནན་བཤད་གནང་ཡོད།
ཉེ་བའི་ལོ་ཤས་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སྔོན་དཔག་ལས་བརྒལ་བའི་རྒྱུ་རྐྱེན་གྱི་རྡབ་རྡེག་ལ་ཁ་གཏད་ཧུར་ཐག་བཅག་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ལྡན་ངང་སྤྱི་འདོམས་བྱས་ཏེ་དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱ་ཐབས་སྦབ་ཆ་གཅིག་དོན་འཁྱོལ་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བའི་ལེའུ་གསར་པ་ཞིག་བརྩམས་ཡོད།
བོད་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པ་དང་། འདི་གར་ང་ཚོས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གངས་རིས་འཐེན་པའི་ཡངས་ཤིང་རྒྱ་ཆེ་ལ་རྔམ་བརྗིད་ལྡན་པའི་ས་གཞི་ཆེན་པོའི་ཐིག་རིས་མཐོང་ཐུབ་ལ། འདི་གར་ང་ཚོས་ཡར་ཀླུང་གཙང་པོ་དྲག་ཏུ་བཞུར་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་མཐོང་ཐུབ་ཅིང་། འདི་གར་ང་ཚོས་གཙོད་དང་རྐྱང་མུ་མཐའ་མེད་པའི་རྩྭ་ཐང་སྟེང་དུ་བརྒྱུགས་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་ངོ་མཚར་ཡང་མཐོང་ཐུབ…… འདི་གའི་རྩྭ་དང་རྩི་ཤིང་རེ་རེ་དང་རི་ཆུ་ཁྲི་སྟོང་དུ་མ་སྲུང་སྐྱོང་བྱེད་པ་ནི་ང་ཚོའི་འགན་འཁྲི་རེད།
ཁྲོན་བོད་ལྕགས་ལམ་བོད་ལྗོངས་དུམ་བུའི་ལེ་ལག་ཚང་བའི་གཞུང་ལམ་རྣམ་གྲངས་46དང་རྒྱལ་ལམ་318ཀྱི་སྤུས་ཚད་མཐོར་གཏོང་གི་སྒྱུར་བཀོད་ལས་གྲྭ་ཚང་མ་སྐྲུན་འགོ་ཚུགས་པ་དང་། ཕད་གྲོང་རྡལ་ནས་མེ་ཏོག་རྫོང་བར་གྱི་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་བསྐྲུན་ཟིན་པ། ཆན་ཝ་ས་ཡ་རིམ་པའི་ཆུ་ཤུགས་གློག་ཁང་དང་པོ་སྟེ་བཤོལ་བ་ལུང་གློག་ཁང་ནས་གློག་གཏོང་འགོ་ཚུགས་པ། བར་རྩེ་ཆུ་བེད་ལྟེ་བའི་ལས་གྲྭ་སྐྲུན་འགོ་ཚུགས་པ། ཤངས་ཆུ་ཆུ་བེད་ལྟེ་བའི་ཆུ་མཛོད་ལ་ཆུ་གསོག་པ་ལ་སོགས་དམངས་ཕན་རྣམ་གྲངས་མང་པོ་ཞིག་ལག་ལེན་བསྟར་ཡོད།
བསྐྱར་དར་རྟགས་ཅན་གྱི་མེ་འཁོར་གངས་ལྗོངས་ས་མཐོར་ཤར་གཏོང་ཐུབ་ནས་བོད་ཀྱི་འཕེལ་རྒྱས་མགྱོགས་སུ་ཕྱིན་ཡོད། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ཀྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་དཔའ་ངར་ཆེན་པོས་བྱས་རྗེས་འཇོག་པ་དང་འབད་འབུངས་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་ལྕག་བྱེད་བཞིན་ཡོད། འགྲིམ་འགྲུལ་གྱི་དྲ་རྒྱ་འཐུས་སྒོ་ཚང་དུ་ཟམ་མི་ཆད་པར་ཕྱིན་པ་དང་བསྟུན་ནས། རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་ཐེབས་པ་སོགས་ཀྱིས་ས་མཐོའི་འཕེལ་རྒྱས་ལ་གསོན་ཤུགས་ཟམ་མི་ཆད་པ་བྱིན་ཡོད། ཐོན་ལས་ཉིན་བཞིན་འཕེལ་རྒྱས་ཕྱིན་པ་དང་འཚོ་བ་དེ་བས་ལེགས་སུ་སོང་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་འཕེལ་རྒྱས་གཏོང་བའི་ནང་སྐྱེས་སྒུལ་ཤུགས་འཕེལ་ཏེ། བདེ་སྐྱིད་ལྡན་པའི་འཚོ་བ་དོན་གཉེར་གྱི་རེ་འདོད་སྔར་བས་ཆེ་རུ་ཕྱིན་ཡོད།
གྲངས་གཞི་ནི་འདེགས་སྐྱོར་ཡག་ཤོས་ཤིག་ཡིན་ཞིང་། གློག་དྲ་ཆེན་པོ་རྫོང་དང་ཆུས་དང་ཤང་དང་གྲོང་རྡལ་གཙོ་བོར་ཁྱབ་ནས་ལོར་གློག་གཏོང་ཚད་ལྡབ་འཕར་བྱུང་ཡོད། གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་12ལྷག་ཙམ་ཟིན་པ་དེའི་ནང་རིམ་པ་མཐོ་བའི་གཞུང་ལམ་སྤྱི་ལེ་1105ཟིན་པ་དང་། དམངས་སྤྱོད་མཁའ་འགྲུལ་གྱི་མཁའ་ལམ་150ལྷག་ཙམ་ཟིན་པ། འོད་སྐུད་གློག་ལམ་སྤྱི་ལེ་ཁྲི་27ཡན་བཅས་ཟིན་ཡོད།
མི་སེར་ཚོའི་ངོས་ནས་བརྗོད་ན། “བློ་ཡིད་ཚིམ་པོ”ནི་རང་ལྗོངས་ཀྱི་འཚོ་བའི་ཁོར་ཡུག་དང་ལས་ཀའི་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་98%ཡན་རྒྱུན་འཁྱོངས་ཐུབ་ཡོད་པའི་བདེན་དཔང་ཡག་ཤོས་རེད།
ཉེ་བའི་ལོའི་ནང་བོད་ཀྱིས་སྐྱེ་ཁམས་དམངས་ཆེད་དང་སྐྱེ་ཁམས་དམངས་ཕྱུག་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་ཁ་གསབ་ལམ་སྲོལ་བཙུགས་པ་དང་། 2016ལོ་ནས་བཟུང་རིམ་རྩིས་བྱས་ན་མང་ཚོགས་ལ་སྐྱེ་ཁམས་ལས་གནས་ཁྲི་70ལྷག་ཙམ་མཁོ་འདོན་བྱས་པ་དང་ལོ་རེར་མི་རེར་ཆ་སྙོམས་ཁ་གསབ་སྒོར་3500སྤྲད་པ་རེད། རང་ལྗོངས་ཀྱིས་སྐྱེ་ཁམས་དམངས་ཆེད་དང་སྐྱེ་ཁམས་དམངས་ཕྱུག་མཐའ་འཁྱོངས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་ལམ་སྲོལ་དང་། ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་ལམ་སྲོལ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་རོགས་དངུལ་དང་བྱ་དགའི་ལམ་སྲོལ་བཅས་འཐུས་སྒོ་ཚང་དུ་གཏོང་བ། སྐྱེ་ཁམས་ཁ་གསབ་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ་སྐྱེ་ཁམས་ཁ་གསབ་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་300ལྷག་ཙམ་དོན་འཁྱོལ་བྱས་ཡོད།
བོད་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་ཀྱི་མཐའ་མཚམས་སུ་གཞི་ཚུགས་ནས་མཉམ་དུ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པ་དང་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་རྩོམ་བཞིན་ཡོད།