མཐའ་མཚམས་གྲོང་ཁྱེར་གྱི་མཛེས་སྡུག་ལྡན་པའི་རྣམ་པ་གསར་པ་བསྐྲུན།
འདི་ནི་ཉེ་ཆར་མངའ་རིས་ཡན་ལག་དམག་ཁུལ་ཁང་གི་མཐའ་སྲུང་ཐོན་ཞིག་གི་སྐོར་གཡེང་ཡན་ལག་རུ་ཁག་གིས་འཆར་གཞི་ལྟར་ས་བབ་མཐོ་ཚད་སྨི་5200ལྷག་ཙམ་ཡོད་པའི་ལ་རྩེར་སྐོར་གཡེང་བྱེད་བཞིན་པ།
མཐའ་སྟོབས་ཡོང་བ་བྱ་རྒྱུ་དེ། དུས་རབས་གསར་པའི་བོད་ཀྱི་ལས་དོན་གྱི“དོན་ཆེན་བཞིའི”གྲས་ཤིག་ཡིན།
བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་འོག རང་ལྗོངས་ཀྱིས་དམག་དཔུང་འདུས་སྡོད་དང་དམངས་བདེ་མཉམ་འཛིན་དང་། མཐའ་བརྟན་དང་མཐའ་དང་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་དང་མཐའ་སྲུང་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་གྱིས་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཡོད།
ཡུལ་སྨད་གྲོང་ཚོས་ཚབ་མཚོན་དུ་བྱེད་པའི་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་ཁག་གཅིག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་མ་ཟད། ཕྱོགས་བཞི་མཚམས་བརྒྱད་གཅིག་ཏུ་འབྲེལ་ནས་མཛེས་སྡུག་ལྡན་པའི་མཐའ་མཚམས་གྲོང་ཁྱེར་གྱི་རྣམ་པ་གསར་པ་ཞིག་གྲུབ་ཡོད།
གཞི་བརྟན་སྟོབས་འཕེལ་ལ་བརྟེན་ནས་རྩ་བ་བརྟན་དུ་བཏང་བ།
རྩ་བ་བརྟན་ན་རྨང་གཞི་ལོས་ཀྱིས་བརྟན། མཐའ་མཚམས་ཀྱི་ཏང་འཛུགས་སྐྱོང་ཟབ་ཏུ་གཏོང་རྒྱུ་དེ་ནི་མཐའ་མཚམས་ས་ཁུལ་འཕེལ་རྒྱས་གཏོང་བའི་སྲ་ཞིང་བརྟན་པའི་ཀ་རྟེན་ལྟ་བུ་རེད།
རང་ལྗོངས་ཀྱིས་སྒྲོལ་དཀར་དང་གཡང་འཛོམས་སོགས་རྒྱལ་གཅེས་མཐའ་སྲུང་དཔེ་བཟང་གི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་རྒྱ་ཁྱབ་དང་མཐའ་མཚམས་ཏང་འཛུགས་སྐྱོང་གི་གསར་བརྗེའི་བར་ཁྱམས་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ཏེ། “མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”བྱེད་སྒོ་གཏིང་ཟབ་སྤེལ་བར་བརྟེན་མཐའ་མཚམས་ས་ཁུལ་གྱི་ཏང་གི་སྲིད་འཛིན་རྨང་གཞི་བརྟན་དུ་ཕྱིན་ནས་ཏང་གི་དར་ཆ་མེས་རྒྱལ་མཐའ་མཚམས་ཀྱི་འཐབ་ས་དང་པོར་ལྷབ་ལྷུབ་ཏུ་གཡོ་ཐུབ་པ་བྱུང་ཡོད།
ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་དོན་དངོས་ལ་གཞི་ཚུགས་ནས་མཐའ་མཚམས་ཏང་འཛུགས་སྐྱོང་གི་གསར་བརྗེའི་བར་ཁྱམས་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ཏེ“མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”དམག་དཔུང་དང་ས་གནས་ཀྱི་གཞི་རིམ་རྩ་འཛུགས་ཀྱི་ཆ་སྒྲིག་མཉམ་སྐྲུན་བྱེད་སྒོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། མཐའ་མཚམས་ཀྱི་གཞི་རིམ་ཏང་རྩ་འཛུགས་དེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་སྣེའི་བཙན་རྫོང་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་མཁན་བཅས་སུ་འགྱུར་བར་ཤུགས་སྣོན་བརྒྱབ་ཡོད།
ཉིང་ཁྲིའི་རྫ་ཡུལ་ནི་དཔའ་བོའི་ཕ་ས་ཡིན།
ན་ནིང་ནས་བཟུང་། དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཆ་སྒྲིག་མཉམ་སྐྲུན་གྱི་རྣམ་པ་གསར་རྐྱང་གི་བྱེད་སྒོ་གསར་བརྗེའི་གནས་དེར་མྱུར་དུ་སྤེལ་བས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་གསོན་ཉམས་དོད་པའི་ལག་ལེན་གྱི་ཚ་རླབས་འཕྱུར་ཅིང་། རྫོང་དེས་རྫོང་ཁོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་གང་ལེགས་སྤྱད་པ་དང་བཅའ་སྡོད་དཔུང་སྡེ་དང་མཉམ་དུ“སྐེ་དར་དམར་པོའི”མཐའ་སྟོབས་སྦྱོང་བརྡར་འཛིན་གྲྭ་བཙུགས་ཏེ། གསར་བརྗེའི་དཔེ་དེབ་དང་། རྒྱལ་གཅེས་མཐའ་སྲུང་སློབ་ཚན། ས་ཆ་དངོས་སུ་ཉམས་ལེན་སོགས་ཀྱི་བྱེད་ཐབས་བརྒྱུད། རང་རེའི་ཀྲུང་ཧྭ་ལ་དགའ་བའི་ས་བོན་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་ཚོའི་སེམས་ཀྱི་ཞིང་སར་བཏབ་ཡོད།
རྫ་ཡུལ་ཕུད་ཉིང་ཁྲི་གྲོང་ཁྱེར་གྱི“ཏང་འཛུགས་སྐྱོང་ལ་བརྟེན་ནས་མཐའ་མཚམས་སྟོབས་ཆེར་གཏོང་བའི་མེ་ཏོག”གང་སར་བཞད་ཅིང་། སྨན་གླིང་རྫོང་གི“1+12+N”ཡི་ཁྱབ་གདལ་གཏོང་ཐབས་དང་། སྣང་རྫོང་གི“གནས་གཉིས་དང་རྒྱུད་གཅིག”གི་གསར་བརྗེའི་ལམ་ཐིག མེ་ཏོག་རྫོང་གི“གནས་དྲུག་དང་རྒྱུད་གསུམ”གྱི་གསར་བརྗེའི་འདུ་འགོད་སོགས་ཀྱིས“མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”བྱེད་སྒོ་གཏིང་ཟབ་ཏུ་གཏོང་བ་དང་དམག་དཔུང་དང་ས་གནས་ཀྱི་ཐོན་ཁུངས་སྤུས་དག་བསྡུ་སྒྲིལ་ནུས་ལྡན་ལ་སྐུལ་འདེད་གཏོང་བར་དཔྱད་གཞི་མཁོ་འདོན་ཐུབ་ཡོད། ཉིང་ཁྲིའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་ལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཁས་ལེན་གང་ལེགས་ཐོབ་པ་དང་། སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ལྗོངས་ཡོངས་ཀྱི“མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”འཛུགས་སྐྱོང་དཔེ་སྟོན་གྲོང་ཚོར་བདམས་ཡོད།
ཞན་ཆ་བསལ་ནས་རྨང་གཞི་བརྟན་དུ་བཏང་བ།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་མི་རིགས་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་དང་མཐའ་མཚམས་ས་ཁུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མཐའ་དར་དམངས་ཕྱུག་དང་མཐའ་མཚམས་སྲ་བརྟན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
དུས་རབས་གསར་པར་རང་ལྗོངས་ཀྱིས་མཐའ་སྟོབས་ཀྱི་ལས་དོན་ལ་དམིགས་ཏེ་མཐའ་མཚམས་སྲ་བརྟན་ཐད་དགོས་མཁོ་ཆེ་བ་དང་། མུག་ཟོས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་འཕྲལ་མཁོ་ཆེ་བ། མཐའ་མཚམས་མང་ཚོགས་ཀྱི་འཕྲལ་མཁོ་བཅས་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ཏེ། མཐའ་མཚམས་གྲོང་རྡལ་དུ་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་བསྐྲུན་པ་མ་ཟད། སློབ་གྲྭ་དང་། སྨན་ཁང་། རིག་གནས། ལུས་རྩལ། ཁྲོམ་ར་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སྐྲུན་པར་སྤྱི་འདོམས་འཆར་འགོད་བྱས་ཏེ་མཐའ་མཚམས་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པར་བྱས་ཡོད།
ཟ་ཧྲེང་ཤང་ནི་མངའ་རིས་ས་ཁུལ་རྩ་མདའ་རྫོང་གི་མཐའ་མཚམས་ཤང་གི་གྲས་ཤིག་རེད། ཁང་པའི་ཐོག་དཔངས་དམའ་ལ་ཆ་རྐྱེན་ཞན་པ་དང་འགྲོ་ལམ་ཐོག་ཐལ་རྡུལ་གྱིས་ཁེངས་པ་དེ་ནི་དེ་སྔའི་གནས་འདི་གའི་གནས་ཚུལ་དངོས་རེད།
ཟ་ཧྲེང་ཤང་གི་རྨང་གཞིའི་སྒྲིག་བཀོད་དང་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ལེགས་སུ་གཏོང་ཆེད། མངའ་རིས་ས་ཁུལ་གྱིས་ཞན་ཆ་སེལ་བ་དང་། རྨང་གཞི་བརྟན་གཏོང་། ལེགས་ཆ་འདོན་སྤེལ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཟ་ཧྲེང་ཤང་གིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་ནས་ཆ་ལག་ཚང་བའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་རེད།
ལོ་ཁ་ཤས་རིང་འཕེལ་རྒྱས་དང་འཛུགས་སྐྲུན་བྱས་པ་བརྒྱུད། ཤང་གི་འགྲོ་ལམ་རྒྱ་ཆེ་རུ་ཕྱིན་པ་དང་མི་སེར་རྣམས་སྡོད་ཁང་གསར་པར་སྤོས་པ་མ་ཟད། དུད་ཚང་ཚང་མར་གློག་དང་། དྲ་རྒྱ། ཆུ་ཀ་ལ་བཅས་འཁྲིད་ཡོད།
2022ལོར་རང་ལྗོངས་ཀྱི་མཐའ་མཚམས་རྫོང་གྲོང་21ལ་ཚད་ལྡན་ཅན་གྱི་ཆུ་མཁོ་འདོན་བཟོ་གྲྭ་དང་གད་སྙིགས་སྦས་ས་བསྐྲུན་པ་དང་། རང་བྱུང་གྲོང་ཚོ་30ལ་ཨར་འདམ་ལམ་ཚང་མ་སྐྲུན་འགོ་ཚུགས་པ། ཤང་དང་གྲོང་རྡལ་གཙོ་བོ་ཚང་མར་གློག་དྲ་ཆེན་པོ་སྦྲེལ་མཐུད་ཐུབ་ཡོད་ལ། སྦྲག་སྲིད་དང་། དྲ་ཆེན། 4Gབརྡ་རྟགས་བཅས་གྲོང་ཚོ་ཚང་མར་ཁྱབ་ཡོད།
འབབ་འཕར་ཕྱུག་འགྱུར་བྱུང་བས་གདེང་ཚོད་བརྟན་དུ་ཕྱིན་པ།
ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་ངོས་སུ་གནས་པའི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རྩ་རི་ཤང་གི་ལྷོ་པ་གྲོང་ཚོ་གསར་པ་སྔོ་ཐིང་ཐིང་གི་གདོད་མའི་ནགས་ཚལ་དུ་ཆགས་ཡོད།
གྲོང་ཚོ་གསར་པར་གཞིས་ཆགས་ནས་ལོ་གཉིས་ལྷག་ཙམ་རིང་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་ནས་ཡོང་བའི་གནས་སྤོས་དུད་ཚང་གིས་དེ་གར་ཕྱུགས་འཚོ་རིང་མཐའ་མཚམས་སྲུང་བ་དང་བདེ་སྡོད་ལས་བརྩོན་བྱེད་བཞིན་ཡོད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པར་དམིགས་བསལ་གྱི་རོགས་སྐྱོར་སྲིད་ཇུས་སྤྱད་དེ་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་སེམས་ཁྲལ་སེལ་རོགས་བྱེད་དགོས་པའི་ནན་བཤད་གནང་ཡོད། དེར་བརྟེན་ང་ཚོས་ཡུལ་བབ་དང་བསྟུན་ནས་ཡུལ་སྐོར་དང་། རི་མཐོའི་ཇ། ཀོ་ཤ་འདེབས་འཛུགས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་མང་ཚོགས་ལ་དམངས་སྲོལ་མགྲོན་ཁང་དང་སྨྱུག་མའི་ཐོན་ལས་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱས་ཡོད། ཏང་གི་དམངས་ཕན་སྲིད་ཇུས་ཀྱི་སྣེ་ཁྲིད་འོག་གྲོང་ཚོ་ཡོངས་ཀྱི་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་མཐའ་མཚམས་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་པ་དང་། འཚོ་བ་འབྱོར་ཕྱུག་ལྡན་པ། རྒྱལ་གཅེས་མཐའ་སྲུང་བཅས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད”ཅེས་ལྷོ་པ་གྲོང་གསར་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཚུའེ་ཁྲེང་གིས་བཤད།
མཐའ་མཚམས་དར་ན་མཐའ་མཚམས་མི་སེར་ཕྱུག་པོ་ཡོང་བ་དང་། མཐའ་མཚམས་མི་སེར་ཕྱུག་པོ་ཆགས་ན་མཐའ་མཚམས་བརྟན་པོ་ཡོང་ཐུབ། འདས་ཟིན་པའི་ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་མཐའ་མཚམས་རྫོང་གི་དཔལ་འབྱོར་སྤྱི་འབོར་དང་གྲོང་མིའི་ཡོང་འབབ་རྒྱུན་མཐུད་ངང་འཕར་ཡོད།
ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་ནི་ལྷོ་ཁ་གྲོང་ཁྱེར་གྱི་ལྷོ་པ་རིགས་ཀྱི་མང་ཚོགས་འདུས་སྡོད་བྱ་ཡུལ་གཅིག་པུ་དེ་རེད།
མདོ་ཡུལ་ལྷོ་པ་མི་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་བཀྲ་ཤིས་རྒྱལ་མཚན་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་བས་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་མང་ཚོགས་ཀྱི་ཟས་གོས་སྡོད་གསུམ་ཧ་ཅང་ལེགས་སུ་ཕྱིན་པ་དང་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རིམ་བཞིན་ཇེ་ཡངས་སུ་ཕྱིན་པ་མ་ཟད། བསམ་པའི་རིག་གནས་འཚོ་བ་ཡང་ཉིན་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ཡོད། ན་ནིང་ཤང་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ལོ་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.5ཟིན་ཡོད་ཅེས་ངོ་སྤྲོད་བྱས།
“འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་པར་བརྟེན་ཡུལ་མི་ཚོའི་ལས་སྒྲུབ་ལས་གཏོད་ཀྱི་སེམས་ཤུགས་སྔར་བས་འཕེལ་བ་མ་ཟད། མེས་རྒྱལ་གྱི་མཐའ་མཚམས་ཡག་པོ་སྲུང་བའི་ཆོད་སེམས་ཀྱང་དེ་བས་བརྟན་དུ་ཕྱིན་ཡོད”ཅེས་བཀྲ་ཤིས་རྒྱལ་མཚན་གྱིས་བཤད།
རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་པ་དང་། མེས་རྒྱལ་མཐའ་མཚམས་ཀྱི་བདེ་འཇགས་མེད་ན། ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་མེད། རྒྱང་ལམ་གསར་པར་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ལག་གདང་དཔུང་སྦྲེལ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱས་ནས་ཐུན་མོང་ཐོག་མེས་རྒྱལ་གྱི་མཐའ་མཚམས་བརྟན་སྲུང་དང་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་བཞིན་ཡོད།
འགན་འཁུར་རྩོམ་སྒྲིག་པ།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣