དབུ་ཤོག>ཆེད་སྒྲིག
  • སྲིད་གཞུང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-03-22

    འཐུས་མི་རྣམ་པ།

    སྐབས་འདིའི་སྲིད་གཞུང་གི་འགན་འཛིན་ཡུན་ཚད་མཇུག་འགྲིལ་གྲབས་ཡོད། ད་ལྟ་ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་གནང་རོགས་ཞུ།

    གཅིག འདས་ཟིན་པའི་ལོ་གཅིག་དང་ལོ་ལྔའི་ལས་དོན་ཕྱིར་དྲན་བྱེད་པ།

    2022ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བརྗིད་ཉམས་ཆེ་བའི་འཆར་གཞི་བཀོད་ཡོད། རླུང་འཚུབ་རླབས་འཕྱོའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་གྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དཀའ་ངལ་ལ་མི་འཛེམ་པར་གདོང་བསུས་ནས་མདུན་དུ་བསྐྱོད་ཅིང་། ཕྱོགས་ཡོངས་ནས་རིམས་ནད་འགོག་དགོས་པ་དང་། དཔལ་འབྱོར་བརྟན་དགོས་པ། འཕེལ་རྒྱས་བདེ་འཇགས་དགོས་པ་བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་པ་དང་། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་མཐའ་འཁྱོངས་ཐུབ་ནས་རང་རྒྱལ་གྱི་འཕེལ་རྒྱས་ལ་ཧ་ཅང་ཐོབ་དཀའ་བའི་གྲུབ་འབྲས་གསར་པ་ཐོབ་ཡོད།

    འདས་ཟིན་པའི་ལོ་གཅིག་གི་རིང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་རིམས་ནད་སོགས་རྒྱལ་ཁབ་ཕྱི་ནང་གི་སྔོན་དཔག་ལས་བརྒལ་བའི་རྒྱུ་རྐྱེན་མང་པོས་ཕོག་ཐུག་བཏང་ཡོད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་ཆོད་ཆེ་བའི་གཅིག་གྱུར་འཆར་འགོད་བྱས་ཤིང་། ནད་དུག་གི་འགྱུར་ལྡོག་དང་རིམས་འགོག་གི་གནས་བབ་ལ་གཞིགས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ལེགས་སྒྱུར་དང་ལེགས་སྒྲིག་བྱས་པ་དང་། དཔལ་འབྱོར་ཆག་པའི་གནོན་ཤུགས་གསར་པར་དམིགས་ཏེ་འཕྲལ་ཐག་ཆོད་པོས་ཁ་གཏད་འཇལ་བ་དང་དུས་ཐོག་ཏུ་སྙོམས་སྒྲིག་བྱས་པ། ཉེ་བའི་ལོ་ཤས་རིང་གྲབས་གསོག་བྱས་པའི་སྲིད་ཇུས་ཡོ་བྱད་བཀོལ་སྤྱོད་བྱས་པ། གཏན་ལ་ཕབ་ཟིན་པའི་སྲིད་ཇུས་དང་བྱེད་ཐབས་སྔོན་ལ་ལག་བསྟར་བྱས་པ། བློ་བརྟན་འགྱུར་མེད་ཀྱིས་མཁོ་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ། དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དང་རྒྱུན་མཐུད་བྱེད་ཐབས་ཆ་ཚང་དངོས་སུ་བཏོན་ནས་ལག་བསྟར་བྱས་པ། དཔལ་འབྱོར་གྱི་ཁྱོན་ཡོངས་བརྟན་པོ་ཡོང་བའི་ལས་དོན་བཀོད་སྒྲིག་བྱས་པ། ས་གནས་སུ་སྲིད་ཇུས་དོན་འཁྱོལ་བྱེད་པར་ལྟ་སྐུལ་སློབ་སྟོན་དང་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་བ། ས་གནས་ཁག་གིས་སྲིད་ཇུས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པར་རྒྱབ་སྐྱོར་དང་དཔལ་འབྱོར་ཞིང་ཆེན་ཆེན་པོས་འགན་གཙོ་བོ་འཁུར་བར་རྒྱབ་སྐྱོར་བྱས་པ། འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ་བཅས་ཡོང་བར་བྱས་པ། དཔལ་འབྱོར་བརྟན་པོའི་ངང་བསྐྱར་འཕར་ཡོང་བར་སྐུལ་འདེད་བཏང་ཡོད། ལོ་ཧྲིལ་པོར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་3%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་1206གསར་དུ་འཕར་སྣོན་བྱུང་བ། ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ཀྱི་ལས་ཀ་ཤོར་ཚད་5.5%བར་ཆག་པ་དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་2%འཕར་ཡོད། དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་གྲངས་བསྡོམས་འབོར་7.7%འཕར་ཡོད། ནོར་སྲིད་མཚལ་ཡིག་གི་ཚད་2.8%ལ་ཚོད་འཛིན་བྱས་ཤིང་། ཀྲུང་དབྱང་ནོར་སྲིད་ཀྱི་གཏོང་ཡོང་སྔོན་རྩིས་དང་མཐུན་ཞིང་གཏོང་སྒོ་ལ་ལྷག་འཕྲོ་ཅུང་ཙམ་ཡོད། རྒྱལ་སྤྱིའི་གཏོང་ཡོང་དོ་མཉམ་བྱུང་བ་དང་། འཛམ་གླིང་ཡོངས་ཀྱི་དངུལ་ལོར་གཙོ་བོའི་ཁྲོད་མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་གི་མཚོན་ཚུལ་བལྟོས་བཅས་ཀྱིས་བརྟན་པོ་ཡོད། འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་ཁྲི་1.37ཡིན་ཞིང་རྒྱ་མ་དུང་ཕྱུར་74ཐོན་འཕར་བྱུང་ཡོད། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ། འགག་སྒྲོལ་དཀའ་སེལ་ཁྲོད་དཔལ་འབྱོར་གྱི་ཁྱོན་ཡོངས་བརྟན་པོ་བྱས་ཤིང་། རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་ཁོར་ཡུག་ཁྲོད་ལོ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་བ་དང་། རང་རྒྱལ་གྱི་དཔལ་འབྱོར་ལས་མཉེན་ཤུགས་བརྟན་པོ་མངོན་ཡོད།

    ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་དཀའ་ངལ་ཆེ་རུ་ཕྱིན་པར་དམིགས་ཏེ་དཀའ་སེལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། རིམས་ནད་སོགས་ཀྱི་རྐྱེན་པས་ཁེ་ལས་དང་ཁེར་གཉེར་བཟོ་ཚོང་ཐེམ་དུད་མི་ཉུང་བར་དམིགས་བསལ་གྱི་དཀའ་ངལ་འཕྲད་ཡོད། ལོ་ཧྲིལ་པོར་གནས་ཐང་འཕར་ཁྲལ་ཚབ་འཐེན་ཁྲལ་སློག་བྱས་གྲངས་སྒོར་དུང་ཕྱུར་ཁྲི་2.4ལས་བརྒལ་ཡོད། ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་བ་གསར་འཕར་བྱུང་བ་དང་། ཁྲལ་རིན་འགྱངས་སྤྲོད་སྒོར་དུང་ཕྱུར་7500ལྷག་ཙམ་ཡིན། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་ཡོང་བར་རྒྱབ་སྐྱོར་ནུས་ལྡན་བྱེད་ཆེད། ཀྲུང་དབྱང་གིས་ས་གནས་ལ་སྤོ་སྒྱུར་གཏོང་སྤྲོད་བྱས་གྲངས་འཕར་སྣོན་ཆེས་ཆེར་བཏང་ཡོད། དངུལ་རྩའི་སྒྲིག་གཞིས་ཡིད་རྟོན་དངུལ་བུན་གཏོང་གྲངས་མང་དུ་གཏོང་བར་ཁྲིད་སྟོན་བྱས་ཤིང་། མ་དངུལ་སྡུད་པའི་མ་གནས་དམའ་རུ་བཏང་ཡོད། གསར་དུ་སྤྲད་པའི་ཁེ་ལས་ཀྱི་དངུལ་བུན་གྱི་ཆ་སྙོམས་སྐྱེད་ཚད་དེ་བསྡོམས་རྩིས་བྱས་ཚུན་གྱི་དམའ་ཤོས་སུ་བཅག་པ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་། ཁེར་གཉེར་བཟོ་ཚོང་ཐེམ་དུད། བཟའ་བཏུང་། ཡུལ་སྐོར། ཟོག་འདྲེན་སོགས་ལ་དུས་རིམ་རང་བཞིན་གྱི་དངུལ་བུན་གྱི་མ་སྐྱེད་འགྱངས་སྤྲོད་ལག་བསྟར་བྱས་པ། ཀུན་ཕན་དངུལ་བུན་ཆུང་ཕྲན་ལ་དུས་རིམ་རང་བཞིན་གྱི་སྐྱེད་ཀ་བཅག་ཡོད། སྒྱུར་བཅོས་བྱེད་ཐབས་ལ་བརྟེན་ནས་ཁྲོམ་རའི་གསོན་ཤུགས་སྐུལ་སློང་བྱས་པ། གྲངས་འབོར་མང་ཞིང་རྒྱ་ཆེ་བའི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་ཁེར་གཉེར་བཟོ་ཚོང་ཐེམ་དུད་ལ་ཡོངས་ཁྱབ་ཏུ་ཕན་ཁེ་ཐོབ་ཡོད།

    ཕན་ནུས་ལྡན་པའི་དགོས་མཁོ་མི་འདང་བའི་འགལ་བ་འབུར་ཐོན་ལ་དམིགས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་མ་དངུལ་འཇོག་རྒྱ་ཆེར་སྐྱེད་དང་། འཛད་སྤྱོད་ལ་སྐུལ་འདེད། ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་བཅས་བྱས་ཡོད། ན་ནིང་མཐའ་སྣེའི་འཛད་སྤྱོད་ལ་ཐད་ཀར་ཕོག་ཐུག་ཐེབས་པ་དང་དངུལ་འཇོག་ལའང་ཤུགས་རྐྱེན་ཐེབས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་ཀྱི་ལས་གྲྭའི་ལས་གཞི་གལ་ཆེན་ཁག་གཅིག་སྔ་སྣུར་དུ་ལག་བསྟར་བྱས་ཤིང་། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་འགྲེམས་སྤེལ་དང་བེད་སྤྱོད་མགྱོགས་སུ་བཏང་བ་དང་། ཆེད་དམིགས་བུ་ལོན་གྱི་ལྷག་ཉར་བཅད་གྲངས་ཁྲིམས་ལྟར་ཕན་སྒྱུར་བྱས་པས། དུས་ཐེངས་གཉིས་ལ་བགོས་ཏེ་སྲིད་ཇུས་རང་བཞིན་དང་གསར་སྤེལ་རང་བཞིན་གྱི་དངུལ་རྩའི་ཡོ་བྱད་སྒོར་དུང་ཕྱུར་7400བཏང་སྟེ། ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་མ་རྩའི་དངུལ་ཁ་གསབ་བྱས་ཡོད། ཆེད་དམིགས་ལས་གཞིར་བསྐྱར་དུ་དངུལ་བུན་སྤྲོད་པ་དང་ནོར་སྲིད་ནས་སྐྱེད་ཀ་གསབ་སྤྲོད་བྱེད་པ་སོགས་ཀྱི་སྲིད་ཇུས་བེད་སྤྱོད་བྱས་པར་བརྟེན་ནས། གཙོ་གནད་ཁྱབ་ཁོངས་ཀྱི་སྒྲིག་ཆས་གསར་སྒྱུར་དང་སྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་བྱས་པ། མཉམ་འབྲེལ་ཐོག་གཞུང་དོན་སྒྲུབ་པ་དང་ས་གནས་ཀྱིས་ཁས་ལེན་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ལས་གཞིར་ཞིབ་མཆན་འགོད་པའི་ལས་ཕྱོད་ཆེ་རུ་བཏང་བ། ལོ་ཧྲིལ་པོར་རྨང་གཞིའི་སྒྲིག་བཀོད་དང་བཟོ་སྐྲུན་ལས་རིགས་ལ་མ་དངུལ་འཇོག་གྲངས་9.4%དང་9.1%སོ་སོར་འཕར་བས། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་5.1%འཕར་བར་སྐུལ་ཁྲིད་བྱས་པ་དང་། འཛད་སྤྱོད་ཉུང་འཕྲིའི་ཐད་ཀྱི་སྟོང་ཆ་ཚད་ངེས་ཅན་ཞིག་གི་ཐོག་ནས་ཁ་གསབ་བྱས་ཡོད། འཛད་སྤྱོད་ཀྱི་ལས་རྣམ་གསར་པ་དང་རྣམ་པ་གསར་པ་འཕེལ་རྒྱས་བཏང་སྟེ། རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས་རླངས་འཁོར་འཛད་སྤྱོད་ལ་སྐུལ་འདེད་བཏང་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་བཙོངས་ཚད་93.4%འཕར་ཡོད། ལྗང་མདོག་རིག་ནུས་ཁྱིམ་སྤྱོད་གློག་ཆས་དང་། ལྗང་མདོག་ཨར་ལས་རྒྱུ་ཆས་གྲོང་གསེབ་ཏུ་བསྐྱལ་ནས། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བར་བྱས་ཡོད། དངུལ་རྩའི་རྒྱབ་སྐྱོར་བྱེད་ཐབས་བཏོན་པ་དང་། ལྡོག་མེད་རང་བཞིན་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོར་རྒྱབ་སྐྱོར་བྱས་ཏེ། ཁང་སྤྲོད་འགན་སྲུང་དང་དམངས་འཚོ་བརྟན་པོ་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ཡོད། ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ལ་མ་བཅོས་རྒྱུ་ཆ་དང་། ལས་མི། ཟོག་འདྲེན་སོགས་ཀྱི་དཀའ་གནད་སེལ་རོགས་བྱས་པ། གྲུ་ཁའི་འདུས་གཤོང་སྐྱེལ་གསུམ་གྱི་ལས་ཕྱོད་ཆེ་རུ་བཏང་བ་དང་། ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ཨ་ལན་སློག་པ་དང་ཐག་གཅོད་བྱས་ཤིང་། དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱས་པ་སྔོན་དཔག་ལས་ལེགས་པ་དང་། ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་བེད་སྤྱོད་བརྟན་པོའི་ངང་འཕར་ཡོད།

    ལས་ཞུགས་ཀྱི་གནོན་ཤུགས་མངོན་གསལ་དོད་པོ་ཡིན་པར་དམིགས་ཏེ། ལས་གནས་བརྟན་པོ་དང་ལས་ཞུགས་རྒྱ་སྐྱེད་གཏོང་བའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། ན་ནིང་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ཀྱི་ལས་ཀ་ཤོར་ཚད་སྐབས་ཤིག་རིང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། ནོར་ཁྲལ་དང་། དངུལ་རྩ། དངུལ་འཇོག་སོགས་ཀྱི་སྲིད་ཇུས་ཀྱིས་ལས་ཞུགས་བརྟན་པོ་ཡོང་བར་སྔར་བས་མཐོང་ཆེན་བྱས་པ་དང་། དཀའ་ངལ་ཡོད་པའི་ལས་རིགས་ཀྱི་ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འགྱངས་སྤྲོད་བྱས་པ། ལས་བརྟན་ཕྱིར་སློག་གི་ལས་ཤོར་འགན་བཅོལ་ཐེབས་རྩའི་བསྡུར་ཚད་མཐོ་རུ་ཆེན་པོ་བཏང་བ། ལས་གནས་བརྟན་པོ་དང་ལས་གནས་རྒྱ་སྐྱེད་ཀྱི་ཁ་གསབ་རོགས་དངུལ་མང་དུ་བཏང་བ། ཁག་ཐེག་དངུལ་བུན་དང་བོགས་དངུལ་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ལས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ཡོད། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་མངོན་གསལ་དོད་པོས་ཡག་པོར་བསྒྲུབས་པ་དང་ལས་ཞུགས་ཐད་དཀའ་ངལ་ཡོད་མཁན་ལ་ཆེད་དམིགས་རོགས་སྐྱོར་བྱས་པ་དང་། ལས་གྲྭ་གཙོ་གནད་འཛུགས་སྐྲུན་བྱེད་རིང་རྒུད་གསབ་ལས་སྤྲོད་ཁྱབ་སྤེལ་བཏང་ཡོད། དབུལ་བྲལ་མི་འབོར་ལས་གཉེར་བྱེད་ཚད་ཁྲི་3200ལས་བརྒལ་ནས་བརྟན་ཐོག་འཕར་སྣོན་བྱུང་ཡོད། ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བརྟན་བརླིང་མཐའ་འཁྱོངས་བྱུང་ཡོད།

    གོ་ལ་ཧྲིལ་པོའི་དངུལ་ལོར་འགྲེམས་ཐལ་ཤོར་ཚུལ་མཐོ་འཕར་བྱུང་བའི་ཤུགས་རྐྱེན་ལ་དམིགས་ཏེ། འབྲུ་རིགས་དང་ནུས་རྒྱུ་གཙོ་གནད་དུ་བྱས་ནས་སྤྲོད་སྲུང་གོང་བརྟན་བྱས་ཡོད། ན་ནིང་གོ་ལ་ཧྲིལ་པོར་དངུལ་ལོར་འགྲེམས་ཐལ་ཤོར་ཚད་ལོ་40ལྷག་ཙམ་རིང་གི་མཐོ་ཤོས་སུ་གྱུར་པས་རྒྱལ་ནང་གི་རིན་གོང་བརྟན་པོ་ཡོང་བར་གནོན་ཤུགས་ཆེན་པོར་འཕྲད་ཡོད། ཆུ་ལོག་དང་། ཞོད་སྐྱོན། ཐན་སྐྱོན་སོགས་རང་བྱུང་གནོད་འཚེ་ཚབས་ཆེན་ལ་ཁ་གཏད་ནུས་ལྡན་འཇལ་ཞིང་། ཞིང་ལས་ཀྱི་དུས་ཚོད་འཐུས་ཤོར་མ་བཏང་བར་འབྲུ་རིགས་འདེབས་པ་དང་ལོ་ཏོག་བསྡུ་བར་དམ་འཛིན་བྱས་པ་དང་། ཞིང་ལས་འཕྲུལ་ཆས་ཤར་བགྲོད་དང་ཞིང་ལས་ཀྱི་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་དང་མཐུན་སྦྱོར་བྱས་པ། ཁག་གསུམ་དུ་བགོས་ནས་འབྲུ་འདེབས་ཞིང་པར་ཞིང་སྤྱོད་དངོས་རྫས་ཁ་གསབ་སྤྲད་ནས་འབྲུ་རིགས་ལོ་ལེགས་འབྱུང་བ་དང་ཞིང་ལས་ཐོན་རྫས་གལ་ཆེན་འདོན་སྤྲོད་བརྟན་པོ་ཡོང་བའི་འགན་སྲུང་བྱས་ཡོད། རྡོ་སོལ་གྱི་ནུས་ཁུངས་གཙོ་བོའི་ནུས་པ་འདོན་སྤེལ་བྱས་ནས་རྡོ་སོལ་གྱི་སྔོན་ཐོན་ཐོན་ནུས་ཆེ་རུ་བཏང་བ་དང་། གློག་འདོན་དྲོད་འདོན་ཁེ་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། ནུས་རྒྱུ་རྒྱུན་ལྡན་དུ་མཁོ་སྤྲོད་བྱེད་པར་འགན་སྲུང་བྱས་ཡོད། གོ་ལ་ཧྲིལ་པོའི་དངུལ་ལོར་འགྲེམས་ཐལ་ཤོར་ཚད་མཐོ་བའི་རྒྱབ་ལྗོངས་འོག རང་རྒྱལ་གྱི་ཟོག་གོང་གི་ཆུ་ཚད་ཅུང་དམའ་བར་མཐའ་འཁྱོངས་བྱུང་བ་ནི་ཤིན་ཏུ་འཐོབ་དཀའ་བ་ཞིག་རེད།

    མང་ཚོགས་ཁག་གཅིག་གི་འཚོ་བའི་དཀའ་ངལ་ཇེ་མང་དུ་ཕྱིན་པར་དམིགས་ཏེ། གཞི་རྩའི་དམངས་འཚོ་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད། དུས་རིམ་རང་བཞིན་གྱི་མ་མཐའི་འཚོ་བ་འགན་སྲུང་སོགས་སྤྱི་ཚོགས་འགན་སྲུང་སྲིད་ཇུས་ཁྱབ་རྒྱ་ཆེ་རུ་བཏང་ནས་དཀའ་ངལ་ཡོད་པའི་མི་ཚོགས་སྔར་བས་མང་བ་འགན་སྲུང་ཁྱབ་ཁོངས་སུ་བཅུག་ཡོད། ལས་ཤོར་འགན་བཅོལ་གྱི་འགན་སྲུང་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་ཡུན་ཇེ་རིང་དུ་བཏང་སྟེ། ཁྱོན་བསྡོམས་ལས་ཤོར་མི་སྣ་ཁྲི་1000ལྷག་ཙམ་ལ་ལས་ཤོར་འགན་བཅོལ་གྱི་ཐོབ་ཐང་སྤྲད་ཡོད། ཡོང་འབབ་དམའ་བའི་མང་ཚོགས་སྔར་ལས་མང་བར་རིན་གོང་གསབ་དངུལ་སྤྲད་པས་ཧ་ལམ་མི་ཁྲི་6700ཙམ་ལ་ཕན་ཁེ་ཐོབ་ཡོད། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མར་2022ལོའི་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གྱི་སྐྱེད་ཀ་རྩ་ཆག་བཏང་བ་དང་འབྲེལ་མ་རྩ་ཕྱིར་སློག་དུས་འགྱངས་ཆོག་པར་བྱས་ཡོད། རིམས་ནད་དང་གནོད་འཚེའི་རྐྱེན་ཀྱིས་དཀའ་ངལ་བྱུང་བའི་མང་ཚོགས་ཀྱི་གནས་སྐབས་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབས་ནས་དམངས་འཚོའི་མཐའ་ཚད་ཏན་ཏིག་བསྲུངས་ཡོད།

    དུས་མཚུངས་སུ་ང་ཚོས་ཕྱོགས་ཡོངས་ནས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པས་ཆོག་མཆན་བཀོད་པའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་བཀོད་སྒྲིག་ལྟར། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཁག་གི་ལས་དོན་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་ཡོད། དཀའ་སྤྱད་འབད་བརྩོན་བྱས་པར་བརྟེན། དེང་སྐབས་འཛད་སྤྱོད་ཀྱི་དགོས་མཁོ་དང་། ཁྲོམ་རའི་འཁོར་རྒྱུག བཟོ་ལས་ཐོན་སྐྱེད། ཁེ་ལས་ཀྱི་སྔོན་དཔག་སོགས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་དང་ཡར་རྒྱས་འགྲོ་བཞིན་ཡོད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་ལ་བག་ཉལ་སྟོབས་ཤུགས་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་གནས་ཡོད།

    འཐུས་མི་རྣམ་པ།

    འདས་ཟིན་པའི་ལོ་ལྔ་ནི་རྒྱུན་ལྡན་གཏན་ནས་མིན་པ་དང་སྤྱིར་བཏང་གཏན་ནས་མ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་འཛམ་གླིང་གི་གནས་བབ་རིམ་འགྱུར་ཇེ་མགྱོགས་བྱུང་བ་དང་། ཏོག་གསར་རིམས་ནད་ཀྱི་ཕོག་ཐུག རྒྱལ་ནང་གི་དཔལ་འབྱོར་མར་ཆག་པ་སོགས་ཀྱི་ཉམས་སད་མང་པོ་ཐེག་ཅིང་། དུས་ལྟར་དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་། དུས་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་ཏེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་འཐབ་ལམ་གསར་པར་སྐྱོད་འགོ་ཚུགས་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། “གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་བྱས་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། ཆ་ཚང་དང་། ཡང་དག ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།

    —— དཔལ་འབྱོར་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པར་སླེབས་ཡོད། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་121བར་འཕར་ཞིང་། ལོ་ལྔའི་རིང་ལོ་རེར་ཆ་སྙོམས་5.2%འཕར་བ་དང་། ལོ་བཅུའི་རིང་སྒོར་དུང་ཕྱུར་ཁྲི་70ཙམ་ལ་འཕར་ཏེ་ལོ་རེར་ཆ་སྙོམས་6.2%འཕར་ནས་གཞི་གྲངས་མཐོ་བའི་རྨང་གཞིའི་ཐོག་འཕར་སྣོན་མྱུར་ཚད་འབྲིང་མཐོ་མངོན་འགྱུར་བྱུང་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ཡོད། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་ཁྲི་20.4བར་འཕར་ཡོད། འབྲུ་རིགས་ཐོན་ཚད་ལོ་བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་བརྟན་པོར་གནས་ཡོད། བཟོ་ལས་ཀྱི་གནས་ཐང་འཕར་ཚད་སྒོར་དུང་ཕྱུར་ཁྲི་40ལས་བརྒལ་ཡོད། ལོ་རེར་ཆ་སྙོམས་བྱས་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་1270ལྷག་ཙམ་གསར་དུ་འཕར་སྣོན་བྱུང་། ཕྱི་དངུལ་གསོག་འཇོག་ཨ་སྒོར་དུང་ཕྱུར་ཁྲི་3ཡན་དུ་བརྟན་པོར་གནས་ཡོད། རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    —— དབུལ་བྲལ་འགག་སྒྲོལ་གྱི་ལས་འགན་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་ཡོད། ལོ་བརྒྱད་ཀྱི་རིང་རྒྱུན་མཐུད་འབད་བརྩོན་བྱས་པར་བརྟེན། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་1ལ་ཉེ་བ་དབུལ་བྲལ་བྱུང་ཡོད། རྒྱལ་ཡོངས་ཀྱི་དབུལ་ཕོངས་རྫོང་832ཚང་མས་དབུལ་ཞྭ་ཕུད་པ་དང་། དབུལ་ཕོངས་མི་འབོར་ཁྲི་960ལྷག་ཙམ་ཡུལ་གཞན་དུ་གནས་སྤོས་པས། ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་བྱུང་ཡོད།

    —— ཚན་རྩལ་གསར་གཏོད་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། རྒྱལ་ཡོངས་སྟོབས་ཤུགས་གཅིག་སྒྲིལ་གྱི་སྒྲིག་སྲོལ་དཔེ་གསར་བཙུགས་པ་དང་། རྒྱལ་ཁབ་ཚོད་ལྟ་ཁང་བཙུགས་ཤིང་། རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་བསྐྱར་སྒྲིག་ཁག་བགོས་ལ་སྐུལ་འདེད་བཏང་བ། འགག་རྩ་དང་སྲོག་ཤིང་གི་ལག་རྩལ་ཁ་ཤས་འགག་སྒྲོལ་ཐད་ཐོད་བརྒལ་གསར་པ་བྱུང་བ། མི་ཞུགས་མཁའ་སྐྱོད་དང་། ཟླ་བ་དང་མིག་དམར་བརྟག་འཇལ། མཚོ་གཏིང་ས་གཏིང་བརྟག་འཇལ། རིམ་འདས་རྩིས་འཁོར། འཁོར་སྐར་ཕྱོགས་སྟོན། ཚད་རྡུལ་ཆ་འཕྲིན། ཉིང་གློག་ལག་རྩལ། གནམ་གྲུ་ཆེན་པོ་བཟོ་སྐྲུན། མིས་བཟོས་རིག་ནུས། སྐྱེ་དངོས་ཀྱི་སྨན་དང་སྨན་བཅོས་སོགས་ཁྱབ་ཁོངས་སུ་རྒྱུན་ཆད་མེད་པར་གསར་གཏོད་གྲུབ་འབྲས་ཐོབ་ཡོད། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་གཏོང་ཚད་2.1%ནས་2.5%ཡན་ལ་འཕར་བ་དང་། ཚན་རྩལ་ཡར་ཐོན་ལ་བྱས་རྗེས་བཞག་ཚད་60%ཡན་ལ་མཐོར་འདེགས་བྱུང་སྟེ། གསར་གཏོད་འདེགས་སྐྱོར་གྱི་འཕེལ་རྒྱས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    —— དཔལ་འབྱོར་གྲུབ་ཚུལ་སྔར་བས་ལེགས་སྒྱུར་བྱུང་བ་དང་། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་ལོ་རེར་ཆ་སྙོམས་10.6%དང་7.9%སོ་སོར་འཕར་སྣོན་བྱུང་བ། གྲངས་འཛིན་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་གྱུར་ཡོད། ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། རྣམ་པ་གསར་པ་བཅས་ཀྱི་འཕར་ཐང་གིས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་17%ཡན་ཟིན་པ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཡོད། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་60.2%ནས་65.2%ལ་འཕར་བ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་མགྱོགས་པོར་འཚར་ལོངས་བྱུང་ཡོད།

    —— རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད། ཞོད་ཐན་སྔོན་འགོག་དང་ཆུ་འདྲེན་ཆུ་གཏོང་སོགས་ཆུ་བེད་ལས་གྲྭ་གལ་ཆེན་ཁག་གཅིག་འཛུགས་སྐྲུན་བྱེད་འགོ་བརྩམས་ཤིང་། མྱུར་བགྲོད་ལྕགས་ལམ་གྱི་སྐྱེལ་གཉེར་ལམ་ཐག་སྤྱི་ལེ་ཁྲི་2.5ནས་སྤྱི་ལེ་ཁྲི་4.2བར་འཕར་སྣོན་བྱུང་བ་དང་། མྱུར་བགྲོད་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི་13.6ནས་སྤྱི་ལེ་ཁྲི་17.7བར་འཕར་སྣོན་བྱུང་ཡོད། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་125གསར་སྐྲུན་དང་བཅོས་སྐྲུན་བྱས་ཡོད། གནམ་གྲུ་ཐང་གི་ཤོང་ཚད་མི་ཐེངས་དུང་ཕྱུར་4གསར་དུ་འཕར་སྣོན་བྱུང་བ་དང་། གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་40%ཡན་འཕར་ཡོད། ས་ཁུལ་རིམ་པའི་གྲོང་ཁྱེར་ཚང་མར་ཐེར་འབུམ་ཟིན་པའི་འོད་དྲ་ཁྱབ་པ་དང་སྲིད་འཛིན་གྲོང་ཚོ་ཚང་མར་དྲ་ཆེན་མཐུད་ཡོད།

    —— སྒྱུར་བཅོས་སྒོ་དབྱེ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ཡོད། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་ཟབ་སྤེལ་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་བཏང་ཞིང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བ་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། གློད་སྡོམ་ཟུང་འབྲེལ། ཞབས་ཞུ་ལེགས་སྒྱུར་བཅས་ཀྱི་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ནས། ཚོང་གཉེར་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་བཏང་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན་(RCEP)ལ་ནུས་ཐོན་ལག་བསྟར་ཡོང་བར་སྐུལ་འདེད་བཏང་བ་དང་། གོ་ལ་ཧྲིལ་པོའི་རང་མོས་ཉོ་ཚོང་ཁུལ་ཆེ་ཤོས་བསྐྲུན་ཡོད། དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་གྲངས་བསྡོམས་འབོར་ལོ་རེར་ཆ་སྙོམས་8.6%འཕར་ནས་སྒོར་དུང་ཕྱུར་ཁྲི་40ལས་བརྒལ་བ་མ་ཟད། བསྟུད་མར་ལོ་མང་རིང་འཛམ་གླིང་གི་ཨང་དང་པོར་གནས་ཡོད། ཕྱི་དངུལ་འགུག་པ་དང་ཕྱི་ཕྱོགས་སུ་མ་དངུལ་གཏོང་བ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད།

    —— སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་མངོན་གསལ་བྱུང་ཞིང་། རྩིས་གཞི་རེའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་རྒྱུ་ཟད་ཚད་8.1%ཆག་པ་དང་། དབྱང་གཉིས་ཐཱན་འགྱུར་འབུད་ཚད་14.1%ཆག་ཡོད། ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་གྱི་ཕྲ་རྡུལ(PM2.5)གྱི་ཆ་སྙོམས་གར་ཚད་27.5%ཆག་པ་དང་། སྦགས་བཙོག་ཚབས་ཆེན་ཕོག་པའི་ཉིན་གྲངས་བཅུ་ཆ་ལྔ་ལྷག་ཙམ་ཆག་ཡོད། རྒྱལ་ཡོངས་ཀྱི་ས་ངོས་ཀྱི་ཆུ་སྤུས་ལེགས་པའི་བསྡུར་ཚད་67.9%ནས་87.9%བར་འཕར་ཡོད། ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་ལྔ་བཙུགས་པ་དང་། རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོབ་ཁུལ་9000ལྷག་ཙམ་བཙུགས་ཡོད། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་གལ་ཆེན་སྤོས་ཡོད།

    —— མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་གཅིག་མཚུངས་བྱུང་བ་དང་། རྒྱལ་ཡོངས་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་ལོ་རེར་ཆ་སྙོམས་བྱས་ན་5.1%འཕར་བ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་ལོ་རེར་ཆ་སྙོམས་2.1%འཕར་ཡོད། གསར་ཐོན་ངལ་རྩོལ་ནུས་ཤུགས་ཀྱི་ཆ་སྙོམས་སློབ་གསོ་མྱོང་བའི་ལོ་ཚད་ལོ་13.5ནས་ལོ་14བར་མཐོ་རུ་ཕྱིན་ཡོད། གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་པའི་མི་གྲངས་དུང་ཕྱུར་1.4འཕར་བ་དང་མི་དུང་ཕྱུར་10.5ལ་ཁེབས་ཤིང་། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། ལོ་མང་རིང་རིམ་རྩིས་བརྒྱབ་ན་སྤྱིལ་ཁང་ཁུལ་གྱི་ཁང་པ་ཁྲི་4200ལྷག་ཙམ་སྒྱུར་བཀོད་བྱས་པ་དང་མི་དུང་ཕྱུར་ལྷག་ཙམ་སྤྱིལ་ཁང་ནས་ཐོག་ཁང་དུ་སྤོས་ཏེ་བདེ་སྡོད་བྱུང་ཡོད།

    ལོ་མང་པོའི་རིང་ཞིབ་མོའི་བློ་ཡིས་གྲ་སྒྲིག་བྱས་པར་བརྟེན། སྟབས་བདེ་དང་། བདེ་འཇགས། ངོ་མཚར་ཆེ་བ་བཅས་ཀྱི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་ནས། མང་ཚོགས་རང་བཞིན་གྱི་གངས་འཁྱགས་ལུས་རྩལ་ལ་སྐུལ་འདེད་གཏོང་བ་དང་། ཨོ་ལིན་ཕིག་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཛམ་གླིང་མི་དམངས་ཀྱི་མཐུན་སྒྲིལ་མཛའ་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་བྱས་རྗེས་གལ་ཆེན་བཞག་ཡོད།

    ཏོག་གསར་རིམས་ནད་བྱུང་ནས་ལོ་གསུམ་ལྷག་ཙམ་གྱི་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། སྨན་བཅོས་ཐོན་ཁུངས་དང་དངོས་ཟོག་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཞིང་། ནུས་ཤུགས་ཡོད་རྒུས་ཏོག་གསར་ནད་པ་སྐྱོབ་བཅོས་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོབ་ནུས་ལྡན་བྱས་ནས། དུས་དང་གནས་བབ་ལ་བསྟུན་ནས་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་བྱེད་ཐབས་ལེགས་སྒྱུར་དང་ལེགས་སྒྲིག་བྱས་པ། རྒྱལ་ཡོངས་མི་དམངས་ཀྱིས་སྡུག་རུས་ཆེན་པོ་བྱས་པ་དང་། ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་གལ་ཆེན་ཐོབ་ཡོད། སྤྱིར་བཏང་གཏན་ནས་མ་ཡིན་པའི་རིམས་ནད་འགོག་པའི་བརྒྱུད་རིམ་ཁྲོད་དུ་ས་ཁུལ་ཁག་དང་། སྡེ་ཁག་ཁག ཚན་པ་ཁག་བཅས་ཀྱིས་ལས་དོན་འབོར་ཆེན་བསྒྲུབས་ཤིང་། ལས་རིགས་ཁག་གིས་དུས་ངལ་མཉམ་སེལ་དང་། རྒྱ་ཆེའི་སྨན་བཅོས་མི་སྣས་དཀའ་སྡུག་ལ་མ་འཛེམ་པ། ལྷག་པར་དུ་མི་དམངས་དུང་ཕྱུར་མང་པོས་དཀའ་ངལ་མང་པོ་ཁྱད་དུ་བསད་ཅིང་། འབད་བརྩོན་བྱས་པ་དང་ལེགས་སྐྱེས་ཕུལ་བ་ཚང་མ་ལས་སླ་པོ་ཞིག་མིན། ཚང་མས་རིམས་ནད་ཀྱི་འགྲན་སློང་ཆེན་པོར་མཉམ་དུ་བཀག་འགོག་བྱས་པ་དང་། མཇུག་འགྲིལ་མེད་པའི་རིམས་ནད་བྱུང་ཚུལ་ལ་དམིགས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ད་དུང་སྲ་བརྟན་དུ་གཏོང་བ་དང་གཅིག་གྱུར་འཆར་འགོད་བྱེད་བཞིན་ཡོད།

    འཐུས་མི་རྣམ་པ།

    ལོ་ལྔའི་རིང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ་གཙོ་བོ་གཤམ་གསལ་གྱི་ལས་དོན་ཁག་བསྒྲུབས་པ་སྟེ།

    (གཅིག) སྤྱི་ཁོག་སྙོམས་སྒྲིག་གསར་གཏོད་བྱས་ཏེ། དཔལ་འབྱོར་ལུགས་མཐུན་གྱི་བར་མཚམས་སུ་འཁོར་སྐྱོད་ཡོང་བ་མཐའ་འཁྱོངས་བྱས་ཡོད། ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལངས་པ་དང་རིམས་ནད་ཀྱི་ཕོག་ཐུག་སོགས་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་འགྲན་སློང་དྲག་པོའི་མདུན་དུ། སྤྱི་ཁོག་སྙོམས་སྒྲིག་བྱེད་ཐབས་གསར་གཏོད་བྱས་པ་ལས་དངུལ་འཇོག་ལ་བརྟེན་ཐལ་ཆེ་བ་བྱས་མེད་ཅིང་། ནོར་སྲིད་དངུལ་ལོར་སོགས་ཀྱི་སྲིད་ཇུས་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་བྱས་ཏེ། དམིགས་གཏད་རང་བཞིན་དང་ནུས་ལྡན་རང་བཞིན་ཇེ་ཆེར་བཏང་ནས། ཁྲོམ་རའི་འགྱུར་ལྡོག་ལ་ཐད་ཀར་གདོང་གཏད་པ་དང་། ཁྲོམ་རའི་བྱེད་པོའི་དཀའ་ངལ་སེལ་བར་གཙོ་གནད་དུ་རྒྱབ་སྐྱོར་བྱས་པར་བརྟེན། རིམ་གྱིས་ལས་ཞུགས་བརྟན་པོ་དང་དམངས་འཚོ་འགན་སྲུང་བྱས་པ། ལོ་འཁོར་གྱི་སྔོན་དཔག་དམིགས་ཚད་གཙོ་བོ་དེ་དཀྱུས་གཅིག་ཏུ་འབྲེལ་བའི་གོང་བུ་ཞིག་ཏུ་བརྩིས་ནས་སྟངས་འཛིན་བྱས་ཤིང་། བར་མཚམས་སྙོམས་སྒྲིག་དང་། ཕྱོགས་ངེས་སྙོམས་སྒྲིག སྐབས་བསྟུན་སྙོམས་སྒྲིག གནད་འཕིགས་སྙོམས་སྒྲིག་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་འཕྲལ་ཐག་ཆོད་པོས་བྱེད་ཤུགས་ཆེ་རུ་བཏང་ཞིང་། “ཞིང་ཆུ་ལེབ་གཏོང”མ་བྱས་ལ་མ་འོངས་པའི་འཕར་སྣོན་སྔོན་ཟའང་མ་བྱས་པར། “བརྟན་པོ་དྲུག”དང“འགན་སྲུང་དྲུག”གི་ལས་ཀ་མུ་མཐུད་ཡག་པོར་བསྒྲུབས་པ་དང་། སྡོད་དམངས་ཀྱི་ལས་ཞུགས་འགན་སྲུང་། གཞི་རྩའི་དམངས་འཚོ་འགན་སྲུང་། ཚོང་རའི་གྲུབ་ཆ་གཙོ་བོ་འགན་སྲུང་། འབྲུ་རིགས་ནུས་རྒྱུ་བདེ་འཇགས་འགན་སྲུང་། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་བརྟན་པོ་འགན་སྲུང་། གཞི་རིམ་འཁོར་སྐྱོད་འགན་སྲུང་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྒྱུར་བཅོས་སྒོ་དབྱེའི་བྱེད་ཐབས་ལ་བརྟེན་ནས་དཔལ་འབྱོར་དཀའ་གནད་ལས་སྒྲོལ་བ་དང་རྒྱུན་མཐུད་མདུན་སྐྱོད་བྱེད་པར་སྐུལ་འདེད་བཏང་ཡོད།

    དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་ལེན་བསྟར་རྒྱུ་རྒྱུན་འཁྱོངས་བྱས་ཡོད། མཚལ་ཡིག་གི་གཞི་ཁྱོན་སྟངས་འཛིན་ལུགས་མཐུན་བྱས་ཏེ། ལོ་ལྔའི་སྤྱིའི་མཚལ་ཡིག་གི་ཚད་3%ནང་ཚུན་དུ་ཚོད་འཛིན་དང་། སྲིད་གཞུང་ལ་བུ་ལོན་ཟུག་ཚད་50%ཡས་མས་སུ་ཚོད་འཛིན་བྱས་ཡོད། གཏོང་སྒོའི་གྲུབ་ཚུལ་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱས་ཏེ་སློབ་གསོ་ཚན་རྩལ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། གཞི་རྩའི་དམངས་འཚོ་སོགས་གཙོ་གནད་ཁྱབ་ཁོངས་ལ་འགན་སྲུང་ནུས་ལྡན་ཐོབ་ཡོད། གཞི་ཁྱོན་ཆེ་བའི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ལག་བསྟར་བྱས་པ་དང་། ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་དེ་དུས་རིམ་རང་བཞིན་གྱི་བྱེད་ཐབས་དང་ཟུང་འབྲེལ་བྱས་པས། རིམས་ནད་ཐོན་རྗེས་ཁྲལ་རིན་གཉིས་གཅོག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཕོག་ཐུག་ལ་ཁ་གཏད་འཇལ་བའི་འགག་རྩའི་བྱེད་ཐབས་སུ་གྱུར་ཡོད། གཉེར་ཁྲལ་འཕར་ཁྲལ་དུ་སྒྱུར་བའི་ལས་འགན་ཡོངས་སུ་འགྲུབ་པ་དང་ཚོང་གཉེར་དཔྱ་ཁྲལ་མེད་པར་བཟོས་ཏེ། གནས་ཐང་འཕར་ཁྲལ་གྱི་ཡོང་སྒོ་བཟུང་ཚད་མཐོ་ཤོས་ཡིན་ཞིང་། ལས་རིགས་དང་འབྲེལ་བ་རྒྱ་ཁྱབ་ཏུ་ཡོད་པའི་ཁྲལ་ཚད་17%ནས་13%ལ་བཅག་ཡོད་པ་དང་། དུས་རིམ་རང་བཞིན་གྱིས་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་གྱི་གནས་ཐང་འཕར་ཁྲལ་བསྡུ་འགོ་འཛུགས་ས་དེ། ཟླ་རེའི་ཕྱིར་བཙོངས་དངུལ་གྲངས་སྒོར་ཁྲི་3ནས་སྒོར་ཁྲི་15ལ་ཇེ་མཐོར་བཏང་ཡོད་ཅིང་། ཁེ་ལས་ཆུང་ཕྲན་གྱི་ཐོབ་ཁྲལ་གྱི་དོན་དངོས་ཁྲལ་འཁྲིའི་ཚད་དམའ་ཤོས་དེ་10%ནས་2.5%ལ་བཅག་ཡོད། ཁྲལ་རིན་གཉིས་གཅོག་དེ་དྲང་གཞག་ཀུན་ཕན་དང་ཕན་ཆེ་ཐད་འབྱོར་ཡིན་ཏེ། ལོ་ལྔའི་རིང་སྔ་ཕྱིར་རིམ་རྩིས་བྱས་ན་དཔྱ་ཁྲལ་སྒོར་དུང་ཕྱུར་ཁྲི་5.4བཅག་པ་དང་། རིན་དངུལ་སྒོར་དུང་ཕྱུར་ཁྲི་2.8བཅག་པས། ཁེ་ལས་དཀའ་ངལ་ལས་ཐར་བར་རོགས་རམ་བྱས་པ་མ་ཟད། མཐུན་རྐྱེན་གསར་སྐྲུན་དང་ཁྲལ་ཁུངས་གསོ་སྤེལ་ཡང་བྱས་པས། ལོ་རེར་ཆ་སྙོམས་སུ་ཁྲལ་འབྲེལ་ཁེ་ལས་དང་ཁེར་གཉེར་བཟོ་ཚོང་ཐེམ་དུད་ཁྲི་1100ལྷག་ཙམ་གསར་དུ་འཕར་སྣོན་བྱུང་བ་དང་། ལོ་འཁོར་རེ་རེའི་ཀྲུང་དབྱང་ནོར་སྲིད་ཀྱི་ཡོང་སྒོའི་སྔོན་རྩིས་ཚང་མ་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད། ཚབ་འཐེན་ཁྲལ་སློག་གི་རྒྱུ་རྐྱེན་ལ་བསམ་བློ་བཏང་རྗེས། ལོ་བཅུའི་རིང་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་སྒོ་ཧ་ལམ་ལྡབ་གཅིག་འཕར་ཡོད། ནོར་ཤུགས་གཤམ་སྤོ་ལ་སྐུལ་འདེད་བཏང་སྟེ། ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོའི་ནང་ནས་ས་གནས་ལ་སྤོ་སྒྱུར་གཏོང་སྤྲོད་བྱས་པའི་བསྡུར་ཚད་70%ཡས་མས་སུ་འཕར་བ་དང་། ཀྲུང་དབྱང་གི་ནོར་སྲིད་མ་དངུལ་ཐད་འབྱོར་ལམ་སྲོལ་བཙུགས་པ་མ་ཟད་རྒྱུན་རྣམ་ཅན་དུ་ལག་བསྟར་ཡང་བྱས་ཡོད། སྲིད་གཞུང་རིམ་པ་ཁག་གིས་གྲོན་ཆུང་གིས་འཚོ་བ་སྐྱེལ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། སྤྱིར་བཏང་གི་གཏོང་སྒོ་ཚོད་འཛིན་ནན་པོ་བྱས་ཏེ། ཀྲུང་དབྱང་སྡེ་ཁག་གིས་སྣེ་ཁྲིད་དེ་གཏོང་སྒོ་ཉུང་འཕྲི་དང་། གསོག་འབོར་མ་དངུལ་དང་བེད་མེད་རྒྱུ་ནོར་ཕན་སྒྱུར་བྱས་ཤིང་། གྲོན་ཆུང་བྱས་པའི་མ་དངུལ་གྱིས་ཐབས་བརྒྱ་ཇུས་སྟོང་གིས་ཁེ་ལས་དང་མི་དམངས་ལ་ཕན་པ་བསྒྲུབས་པ་དང་། རྒྱལ་ཡོངས་ཀྱི་ནོར་སྲིད་གཏོང་སྒོའི་70%ཡན་དམངས་འཚོའི་ཐད་བཏང་ཡོད།  

    གཟབ་བརླིང་བརྟན་གསུམ་གྱི་དངུལ་ལོར་སྲིད་ཇུས་ལག་བསྟར་རྒྱུན་འཁྱོངས་བྱས་ཡོད། གནས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས་སྲིད་ཇུས་ཀྱི་ཤུགས་ཚད་བབ་བསྟུན་གྱིས་སྟངས་འཛིན་བྱས་པ་དང་། འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ལྷག་ཡོད་པ་མཐའ་འཁྱོངས་བྱས་ཤིང་། བཅོལ་དངུལ་གྲབས་འཇོག་བྱེད་ཚད་གཅོག་པ་དང་། དངུལ་བུན་བསྐྱར་མ་གཏོང་བ་སོགས་ཀྱི་སྲིད་ཇུས་ཡོ་བྱད་བེད་སྤྱོད་ཡག་པོ་བྱས་ནས་དངོས་གཞིའི་དཔལ་འབྱོར་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་བསྡུ་རུབ་དཀའ་བ་དང་མ་དངུལ་བསྡུ་རུབ་ཀྱི་མ་གནས་མཐོ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས། བཟོ་སྐྲུན་ལས་རིགས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་16.3ནས་སྒོར་དུང་ཕྱུར་ཁྲི་27.4ལ་འཕར་ཡོད། ཀུན་ཕན་དངུལ་བུན་ཆུང་ཕྲན་གྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་8.2ནས་སྒོར་དུང་ཕྱུར་ཁྲི་23.8ལ་འཕར་བ་དང་། ལོ་རེར་ཆ་སྙོམས་24%འཕར་ཡོད། དངུལ་བུན་གྱི་ཆ་སྙོམས་སྐྱེད་ཚད་ལོ་ལྔའི་གོང་ལས་བརྒྱ་ཆའི་གཞི་གྲངས་1.5ཆག་ཡོད། ཁེ་ལས་འབྲིང་ཆུང་གི་མ་དངུལ་འགྱངས་ཆད་གཙང་འཇལ་བྱེད་ཤུགས་ཆེ་རུ་བཏང་། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་དེ་ལུགས་མཐུན་དང་དོ་མཉམ་གྱི་ཆུ་ཚད་ཐོག་ལྡེམ་ཤུགས་ཆེ་རུ་འགྲོ་བ་དང་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བར་བྱས། ལོ་རྒྱུས་ཐོག་ཐེག་ཁུར་བྱས་པའི་གཞུང་ཁོངས་ཚོང་ལས་དངུལ་ཁང་དང་གྲོང་གསེབ་ཡིད་རྟོན་ཁང་སོགས་ཀྱི་དངུལ་རྩའི་སྒྱུར་བཅོས་ཀྱི་མ་གནས་སྒོར་དུང་ཕྱུར་14486ཡོངས་སུ་སེལ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བྱེད་སྟངས་སྤྱད་དེ་ཁེ་ལས་ཚོགས་པ་ཆེ་གྲས་ཁག་ཅིག་གི་ཉེན་ཁ་ཐག་གཅོད་གནད་འཕིགས་བྱས་ཤིང་། ཉེན་ཁ་ཆེ་བའི་དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་གི་ཉེན་ཁ་བརྟན་བརླིང་ངང་སེལ་བ་དང་། དངུལ་རྩའི་སྒྲིག་གཞི་ཆེ་གྲས་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་། དངུལ་རྩའི་མ་ལག་གཟབ་བརླིང་བརྟན་གསུམ་གྱི་སྒོ་ནས་འཁོར་སྐྱོད་བྱས་ཏེ། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་གཞི་ཐིག་སྲུང་འཛིན་བྱས་ཡོད།

    ལས་ཞུགས་སྔོན་ཐོབ་སྲིད་ཇུས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ཡོད། ལས་ཞུགས་བརྟན་པོ་ཡོང་བར་བྱ་རྒྱུ་དེ་དཔལ་འབྱོར་ལུགས་མཐུན་གྱི་བར་མཚམས་སུ་འཁོར་སྐྱོད་ཡོང་བའི་འགག་རྩའི་དམིགས་ཚད་དུ་བཟུང་ཞིང་།ཁྲོམ་ར་ཅན་དང་སྤྱི་ཚོགས་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཁེ་ལས་ཀྱིས་ལས་གནས་བརྟན་སྲུང་དང་ལས་གནས་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། རྒན་གསོའི་འགན་བཅོལ་དངུལ་སྡེ་ཚན་གྱིས་འཇལ་བའི་བསྡུར་ཚད་20%ནས་16%ལ་བཅག་པ་དང་། དུས་མཚུངས་སུ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩར་ཁ་སྣོན་བརྒྱབ་ནས་གྲབས་གསོག་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་1.8ནས་སྒོར་དུང་ཕྱུར་ཁྲི་2.5ཡན་ལ་འཕར་ཡོད། ལས་བརྟན་ཕྱིར་སློག་གི་ལས་ཤོར་འགན་བཅོལ་ཐེབས་རྩ་དང་། ལས་བཟོ་སྡོད་འཇུག་གསོ་སྦྱོང་ཁ་གསབ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་མུ་མཐུད་སྐུལ་འདེད་བཏང་བ་དང་། རྒྱལ་ཡོངས་གསར་གཏོད་གཉིས་ཀྱི་བྱེད་སྒོའི་གཟའ་འཁོར་བསྟུད་མར་སྐབས་བརྒྱད་གཉེར་ཞིང་། མི་ཐེངས་དུང་ཕྱུར་5.2ལྷག་ཞུགས་ཡོད། ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པར་བསྔགས་སྐུལ་བྱས་ཏེ། ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལས་ཞུགས་རྣམ་པ་གསར་པ་དང་སྟབས་བསྟུན་ལས་ཞུགས་ནི་ལས་ཞུགས་འབབ་འཕར་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་། དམག་ཞབས་ཐིམ་པའི་དམག་མི། ཞིང་པ་ལས་མི་སོགས་མི་ཚོགས་ཀྱི་ལས་ཞུགས་ལས་ཀ་ལེགས་པར་བསྒྲུབས་ཡོད། ལས་ཤོར་འགན་བཅོལ་ཐེབས་རྩ་སོགས་ཀྱི་མ་དངུལ་སྤྱད་དེ་རྩལ་ནུས་གསོ་སྦྱོང་ལ་རྒྱབ་སྐྱོར་བྱས། མཐོ་རིམ་ལས་རིགས་སློབ་གྲྭས་སློབ་མ་བསྡུ་རྒྱ་ཆེ་རུ་གཏོང་བ་དང་ལས་རིགས་རྩལ་ནུས་མཐོ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ལག་ལེན་བསྟར་ནས་རིམ་རྩིས་བྱས་ན་སློབ་མ་ཁྲི་413བསྡུ་རྒྱ་ཆེ་རུ་བཏང་བ་དང་མི་ཐེངས་ཁྲི་8300ལྷག་ཙམ་གསོ་སྦྱོང་བྱས་ཡོད། ལས་ཞུགས་ནི་དམངས་འཚོའི་རྨང་གཞི་དང་རྒྱུ་ནོར་གྱི་འབྱུང་ཁུངས་ཡིན། མི་འབོར་དུང་ཕྱུར་14ལྷག་ཙམ་ཡོད་པའི་རྒྱལ་ཁབ་ཆེན་པོའི་ལས་ཞུགས་བརྟན་པོ་མཐའ་འཁྱོངས་བྱ་རྒྱུ་ནི་ལས་སླ་པོ་ཞིག་མིན་ལ་གསར་གཏོད་ནུས་པ་ཆེན་པོ་ལྡན།

    ཟོག་གོང་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་མཐའ་འཁྱོངས་བྱས་ཡོད། ཕོག་ཐུག་ལ་ཁ་གཏད་འཇལ་རིམ་ཁྲོད་མཚལ་ཡིག་གི་གཞི་ཁྱོན་རྒྱུན་མཐུད་ངང་འཕར་སྣོན་ཆེན་པོ་བྱུང་མེད་ལ། དངུལ་ལོར་ཚད་བརྒལ་ཡང་མ་བཀྲམས་པས་ཟོག་གོང་བརྟན་པོ་ཡོང་ཆེད་སྤྱི་ཁོག་གི་ཆ་རྐྱེན་བསྐྲུན་ཡོད། ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཤུགས་ཆེན་བྱས་པ་དང་། ཐོན་འཚོང་འབྲེལ་མཐུད་དང་གསོག་འཇོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་། འབྲུ་རིགས་དང་། ཕག་པ། སྔོ་ཚལ་སོགས་མཁོ་སྤྲོད་བརྟན་པོ་ཡོང་བར་འགན་ལེན་ཏན་ཏིག་བྱས་པ་དང་། རྡོ་སོལ་དང་གློག་ཤུགས་མཁོ་འདོན་མི་འདང་བའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་པ། དམངས་འཚོ་དང་ཐོན་སྐྱེད་ལ་ནུས་རྒྱུ་སྤྱོད་པའི་དགོས་མཁོ་བསྐངས་ཤིང་འགྲིམ་འགྲུལ་ཟོག་འགྲེམས་ཤར་གཏོང་འགན་ལེན་བྱས་ཡོད། ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱུན་གཏན་གྱི་རིན་གོང་སྒྲིག་ལམ་སྲུང་སྐྱོང་བྱས་པ། ལོ་བཅུའི་རིང་རང་རྒྱལ་གྱི་སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་2%ཡས་མས་ཀྱི་ཅུང་དམའ་བའི་ཆུ་ཚད་དུ་བརྟན་པོར་གནས་ཡོད་ཅིང་། བལྟས་ན་ལས་སླ་པོ་ཞིག་ཡིན་རུང་དོན་དངོས་སུ་དཀའ་ངལ་ཆེན་པོ་ཡོད། ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་སྲུང་སྐྱོང་བྱས་ནས་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་པར་བར་སྟོང་འདོན་སྤྲོད་བྱས་ཡོད་ལ། གཞི་རྩའི་དམངས་འཚོ་སྔར་ལས་འགན་སྲུང་བྱེད་པ་ལའང་ཕན་ཐོགས་ཡོད།

    (གཉིས) དུས་ལྟར་དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ཏེ། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་བྱེད་པའི་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་དེ་གྲོང་གསེབ་དང་ལྷག་པར་དུ་དབུལ་ཕོངས་ས་ཁུལ་དུ་གནས་ཡོད། དབུལ་སྐྱོར་གནད་འཕིགས་རྒྱུན་འཁྱོངས་དང“ས་ཁུལ་གསུམ་དང་རང་སྐྱོང་ཁུལ་གསུམ”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་དམིགས་ནས། སྲིད་ཇུས་ཀྱི་གཟིགས་སྐྱོང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། དབུལ་བྲལ་འགག་སྒྲོལ་གྱི་མ་དངུལ་དམིགས་བསལ་གྱིས་སྔོན་ལ་འགན་སྲུང་བྱས་ཏེ། དབུལ་བྲལ་གྱི་དཀའ་ཁག་ཆེ་བའི་རྫོང་དང་གྲོང་ཚོར་མིང་སྦྱར་ལྟ་སྐུལ་བྱས་པ། ཐོན་ལས་དང་། ལས་ཞུགས། སྐྱེ་ཁམས། སློབ་གསོ། བདེ་ཐང་། སྤྱི་ཚོགས་འགན་སྲུང་སོགས་ཀྱི་རོགས་སྐྱོར་ལག་བསྟར་གཏིང་ཟབ་བྱས་པ་དང་། ཡུལ་གཞན་དུ་གནས་སྤོས་ཀྱི་རྗེས་མཐུད་རོགས་སྐྱོར་ལ་ཤུགས་བརྒྱབ་སྟེ། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་”གྱི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་བཅད་ཅིང་། དབུལ་བྲལ་མང་ཚོགས་ཀྱི་ཟས་གོས་ལ་སེམས་ཁྲལ་མེད་པ་དང་། འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་གི་བདེ་འཇགས་བཅས་ལ་འགན་སྲུང་བྱས་ཡོད། འཐུང་ཆུའི་བདེ་འཇགས་ལའང་འགན་སྲུང་ཡོད་པར་གྱུར། དབུལ་ཕོངས་ས་ཁུལ་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་མངོན་གསལ་བྱུང་བ་དང་། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་མངོན་གསལ་བྱུང་ཡོད།

    དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་ཡོད། བར་བརྒལ་དུས་སྐབས་སུ་རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་མཐའ་འཁྱོངས་བྱས་ཏེ། “མི་འགྱུར་བ་བཞི”ཡི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཤིང་། དབུལ་པོར་བསྐྱར་ལོག་མི་ཡོང་བར་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་བ་དང་། རིམས་ནད་གནས་ཚུལ་དང་གནོད་འཚེའི་གནས་ཚུལ་སོགས་ཀྱི་ཤུགས་རྐྱེན་ངན་པ་ལ་ཁ་གཏད་ནུས་ལྡན་འཇལ་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་པོར་བསྐྱར་ལོག་མི་ཡོང་བ་འགན་ལེན་བྱས་ཡོད། རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་160གཏན་འཁེལ་བྱས་པ་མ་ཟད་གཅིག་སྡུད་ཀྱིས་རྒྱབ་སྐྱོར་བྱས་ཤིང་། གནས་སྤོས་གཅིག་སྡུད་བཀོད་སྒྲིག་ཁུལ་སོགས་གཙོ་གནད་ས་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཤར་རྒྱུད་དང་ནུབ་རྒྱུད་བར་རོགས་ལས་དང་། ཁ་གཏད་རོགས་སྐྱོར། གནས་ངེས་རོགས་སྐྱོར་སོགས་ཀྱི་ལམ་སྲོལ་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ཡོད་ཅིང་། སྨན་བཅོས་དང་སློབ་གསོའི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་དང་། ཚན་རྩལ་ཆེད་མངགས་པ་བཅས་བདམས་མངག་དང་བཀོལ་སྤྱོད་ཡག་པོ་བྱས་པས། དབུལ་བྲལ་ས་ཁུལ་འཕེལ་རྒྱས་མགྱོགས་མྱུར་ཡོང་བ་དང་མང་ཚོགས་ལ་བརྟན་འཇགས་ངང་འབབ་འཕར་ཡོང་བར་སྐུལ་འདེད་བཏང་ཡོད།

    (གསུམ) གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་སྔར་ལས་ཆེ་རུ་བཏང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་པས། ཐོན་ཁུངས་བགོ་སྒྲིག་ཁྲོད་ཁྲོམ་རར་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་དུ་བཅུག་པ་དང་། སྲིད་གཞུང་གི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱས་ཤིང་། ཕན་ལྡན་ཚོང་ར་དང་བརྩོན་ལྡན་སྲིད་གཞུང་ཟུང་འབྲེལ་སྔར་ལས་ཡག་པོ་ཡོང་བར་སྐུལ་འདེད་བཏང་ཡོད།

    སྲིད་གཞུང་གི་འགན་ནུས་སྒྱུར་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ས་གནས་སྲིད་གཞུང་གི་སྒྲིག་གཞི་སྒྱུར་བཅོས་ལེགས་གྲུབ་བྱུང་། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། ཚད་གཞི་མཐོ་བའི་ཚོང་རའི་མ་ལག་བཙུགས་ཤིང་། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་ཡོད། གནས་ལུགས་ཆེན་པོ་གོ་བདེ། བཀའ་རྒྱ་བསྡུས་གསལ་སྒྲུབ་བདེ། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་སྲིད་གཞུང་རང་ཉིད་ཀྱི་ཁེ་ཕན་ལ་ཕོག་ཐུག་གཏོང་བའི་སྒྱུར་བཅོས་སྐུལ་འདེད་བཏང་བ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་སྔར་ལས་ལྷག་པར་བྱས་པ་དང་། ཚོང་རར་ཞུགས་འཐུས་ལྷུག་ཏུ་བཏང་ཞིང་། ཕྱོགས་ཡོངས་ནས་ཁྲོམ་རར་ཞུགས་འཐུས་བཀག་རྒྱ་གསལ་ཐོའི་ལམ་ལུགས་ལག་བསྟར་བྱས་ཏེ། གསལ་ཐོའི་དོ་དམ་བྱེད་ཐབས་ལམ་ལུགས་འཛུགས་པའི་དུས་འགོ་ལས་64%ཉུང་འཕྲི་བྱས་པ་དང་། སྲིད་འཛིན་བཀའ་འཁྲོལ་དོན་ཚན་ཚང་མ་གསལ་ཐོའི་ནང་བཅུག་ནས་དོ་དམ་བྱས། ལོ་མང་རིང་སྲིད་འཛིན་བཀའ་འཁྲོལ་དོན་ཚན་1000ལྷག་ཙམ་མེད་པར་བཟོས་པ་དང་གཤམ་སྤྲོད་བྱས་པ་དང་། ཀྲུང་དབྱང་རིམ་པས་ཞིབ་དཔྱད་ཆོག་མཆན་འགོད་པའི་དངུལ་འཇོག་ལས་གཞི་90%ཡན་ཉུང་འཕྲི་བྱས། བཟོ་ལས་ཐོན་རྫས་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་རིགས་60ནས་རིགས་10ལ་ཉུང་དུ་བཏང་ཡོད། ཨར་ལས་འཛུགས་སྐྲུན་ལས་གཞིའི་བརྒྱུད་རིམ་ཧྲིལ་པོར་ཞིབ་མཆན་འགོད་པའི་དུས་ཚོད་ལས་ཀའི་ཉིན་གྲངས་120ལས་མི་བརྒལ་བ། ཚོང་དོན་ལམ་ལུགས་སྒྱུར་བཅོས་བྱས་ཏེ། “འཛིན་དཔང་ལོགས་འབྱེད”སྒྱུར་བཅོས་ཁྱབ་སྤེལ་བྱས་པ་དང་། ཁེ་ལས་འཛུགས་པའི་དུས་ཡུན་ཟླ་གཅིག་ཡན་ནས་མིག་སྔའི་ཆ་སྙོམས་སུ་ལས་ཀའི་ཉིན་གྲངས་4ཡི་ནང་ཚུན་ལ་ཐུང་དུ་བཏང་བ་དང་། ཁེ་ལས་འབྲིང་ཆུང་ཕྲན་གསུམ་སྟབས་བདེའི་ཐོ་གསུབ་ལམ་ལུགས་ལག་བསྟར་བྱས་པ། གློད་སྡོམ་ཟུང་འབྲེལ་རྒྱུན་འཁྱོངས་དང་། ལས་དོན་གྱི་དངོས་རྗེས་གཉིས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཞིང་། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་ལྟ་སྐུལ་དོ་དམ་གྱི་ལས་གནས་སྟོང་པར་ལུས་པ་དང་། གློད་པར་མཐོང་ཆེན་དང་སྡོམ་པར་སྣང་ཆུང་བྱེད་རིགས་བཀག་འགོག་བྱས་ཤིང་། ཟས་རིགས་དང་སྨན་རྫས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྤུས་ཚད་དང་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་བརྒྱབ་ཡོད། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”སོགས་ཀྱི་བྱེད་ཐབས་ལ་བརྟེན་ཞིང་། དྲང་གཞག་གི་སྒོ་ནས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྲིད་འཛིན་གཅོད་འཇལ་དབང་ཆ་ཚད་ལྡན་ལྟར་སྤྱད་ཡོད། སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་གྱི་འགྲན་རྩོད་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཕྱོགས་ཡོངས་ནས་དྲང་གཞག་འགྲན་རྩོད་ལ་ཞིབ་བཤེར་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱས་ཤིང་། སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་ཁྲིམས་བསྟར་སྒྲིག་སྲོལ་སྒྱུར་བཅོས་བྱས་པ་དང་། མ་རྩ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཁྲིམས་ལྟར་ཚད་ལྡན་དང་ཁྲིད་སྟོན་བྱས་པ། མ་རྩ་སྒྲིག་མེད་རྒྱ་སྐྱེད་གཏོང་བར་ཁྲིམས་ལྟར་དོ་དམ་དང་ཚོད་འཛིན་མཐའ་གཅིག་ཏུ་བྱས་པ། རྒྱུན་ཆད་མེད་པར་ཞབས་ཞུ་ལེགས་སུ་བཏང་ནས་སྲིད་དོན་ཞབས་ཞུ་ཕྱོགས་བསྡུས་གཉེར་སྒྲུབ་ལ་སྐུལ་འདེད་བཏང་བ། དཔང་ཡིག་སྣ་ཚོགས་ཉུང་འཕྲི་དང་། གྲངས་ཀའི་སྲིད་གཞུང་འཛུགས་སྐྲུན་མགྱོགས་སུ་བཏང་ཞིང་། སྲིད་དོན་ཞབས་ཞུ་90%ཡན་དྲ་ཐོག་ནས་གཉེར་ཆོག་པ་དང་། ཐེམ་ཐོའི་དཔང་ཡིག་དང་སྤྱི་ཚོགས་འགན་བཅོལ་སྤོ་སྒྱུར་སོགས་མང་ཚོགས་ཀྱིས་རྒྱུན་དུ་སྒྲུབ་གཉེར་བྱེད་པའི་དོན་ཚན་200ལྷག་ཙམ་ཞིང་ཆེན་ལས་བརྒལ་ནས་གཉེར་ཐུབ་པ་བྱུང་ཡོད། ཞིང་ཆེན་ས་མཚམས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་རིན་བསྡུའི་ས་ཚིགས་ཡོད་ཚད་མེད་པར་བཟོས་པ། ཚོང་གཉེར་ཁོར་ཡུག་ལེགས་འགྱུར་དང་། ཚོང་རའི་བྱེད་པོ་གཙོ་བོ་ཐོ་འགོད་དོ་དམ། ཁེར་གཉེར་བཟོ་ཚོང་ཐེམ་དུད་འཕེལ་རྒྱས་ལ་སྐུལ་འདེད། ཁེ་ལས་འབྲིང་ཆུང་གི་གྲོན་དངུལ་གཏོང་སྤྲོད་འགན་སྲུང་སོགས་ཀྱི་སྲོལ་ཡིག་གཏན་འབེབས་དང་ལག་བསྟར་བྱས་ཡོད། སྒྱུར་བཅོས་ཀྱིས་མི་རྣམས་ལ་ཚོང་གཉེར་དང་ཁེ་ལས་གཉེར་བར་མཐུན་རྐྱེན་དང་བར་སྟོང་སྔར་ལས་མང་བ་བསྐྲུན་པ་དང་། ན་ནིང་ལོ་མཇུག་ཏུ་ཁེ་ལས་ཀྱི་གྲངས་འབོར་ཁྲི་5200ལས་བརྒལ་བ་དང་། ཁེར་གཉེར་བཟོ་ཚོང་ཐེམ་དུད་དུང་ཕྱུར་1.1ལས་བརྒལ་བས། ཚོང་རའི་བྱེད་པོའི་སྤྱི་འབོར་དུང་ཕྱུར་1.6ལས་བརྒལ་བ་དང་། ལོ་བཅུའི་སྔོན་གྱི་ལྡབ་3ཡིན་པས། ནང་སྐྱེས་སྒུལ་ཤུགས་ཆེ་རུ་མངོན་གསལ་ཕྱིན་ཡོད།

    དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་བ་དང་། “གཡོ་འགུལ་སྤུ་ཙམ་མེད་པ་གཉིས”རྒྱུན་འཁྱོངས་བྱས། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ལོ་གསུམ་བྱ་སྤྱོད་ལས་འགན་ལེགས་པོར་བསྒྲུབས་པ་དང་། དེང་རབས་ཁེ་ལས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་ཞིང་། གཞུང་ཁོངས་ཁེ་ལས་ཀྱིས་འགན་འཁྲི་གཙོ་བོ་དང་ལས་འགན་གཙོ་བོར་དམིགས་ནས་ལེགས་སྒྱུར་བསྐྱར་འཛུགས་དང་སྤུས་ཕྱོད་མཉམ་འདེགས་ལ་སྐུལ་འདེད་བཏང་ཡོད། དམངས་གཉེར་ཁེ་ལས་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་བཏང་བ་དང་། མངོན་མེད་འགོག་རྐྱེན་སྣ་ཚོགས་བསལ་ནས། ཕྱོགས་རིས་མེད་པར་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་ཏེ་དམངས་ཁྲོད་དངུལ་འཇོག་གི་ཡིད་ཆེས་ཆེ་རུ་སྐྱེད་ཡོད། ཐོན་དབང་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་ཁེ་ལས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས་ཤིང་། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་བཏང་ཡོད།

    ནོར་ཁྲལ་དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་ཡོད། སྔོན་རྩིས་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་དང་། སྔོན་རྩིས་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་སྒྱུར་བཅོས་ལ་སྐུལ་འདེད་བཏང་ཞིང་། ས་གནས་སྲིད་གཞུང་གི་བུ་ལོན་དོ་དམ་མ་ལག་འཐུས་ཚང་དུ་བཏང་བ་དང་། ཕྱོགས་བསྡུས་དང་རིགས་དབྱེ་ཟུང་དུ་འབྲེལ་བའི་སྒེར་གྱི་ཐོབ་ཁྲལ་ལམ་ལུགས་བཙུགས་པ། རིམ་གྱིས་ཁྲལ་འབབ་བསྡུ་ལེན་དང་དོ་དམ་གྱི་སྒྱུར་བཅོས་ཟབ་སྤེལ་བྱས་པ། དངུལ་རྩའི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་བ་དང་། དངུལ་ཁང་འབྲིང་ཆུང་གིས་མ་རྩ་ཁ་གསབ་དང་སྒྱུར་བཅོས་ཉེན་སེལ་བྱེད་པར་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་བ། མ་རྐང་འཛིན་ཤོག་འགྲེམས་སྤེལ་ཐོ་འགོད་ལམ་ལུགས་སྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་བ། མ་རྩའི་ཁྲོམ་རའི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་བཏང་ཞིང་། དངུལ་རྩ་བརྟན་པོ་ཡོང་བ་དང་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད།

    (བཞི) གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ཐོན་ལས་གྲུབ་ཚུལ་ལེགས་འགྱུར་རིམ་འཕར་ཡོང་བར་སྐུལ་འདེད་བཏང་ཡོད། འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ཟབ་སྤེལ་དང་། རྒྱལ་ཁབ་དང་ས་གནས་ཀྱི་གསར་གཏོད་མ་ལག་འཐུས་ཚང་དུ་བཏང་བ་དང་། ཚན་རྩལ་རང་ཚུགས་རང་དར་ཡོང་བར་སྐུལ་འདེད་བཏང་ཞིང་། གསར་གཏོད་ལ་དམ་པོར་བརྟེན་ནས་དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་མཐོ་རུ་བཏང་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་སྟོབས་ཆེར་བཏང་བ་དང་ཕྱི་ཕྱོགས་ཀྱི་རྡུང་རྡེག་དང་བཀག་སྡོམ་ལ་ཁ་གཏད་ནུས་ལྡན་འཇལ་ཡོད།

    ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་བཏང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཆེ་རུ་བཏང་བ། ཚན་རྩལ་གསར་གཏོད་ཀྱི་ལས་གཞི་གལ་ཆེན་ཁག་ཅིག་ལག་བསྟར་བྱས་ཤིང་། འགག་རྩ་དང་སྲོག་ཤིང་གི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ཡོད། མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་གི་ནུས་པ་འདོན་སྤེལ་ལེགས་པོ་བྱས་པ་དང་། ཞིབ་འཇུག་གསར་སྤེལ་སྒྲིག་གཞི་དཔེ་གསར་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་པ། རྒྱལ་སྤྱི་དང་ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ། ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཚན་རིག་ལྟེ་གནས་འཛུགས་སྐྲུན་བཀོད་སྒྲིག་བྱས་པ། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཡོངས་སུ་རྨང་གཞིའི་ཞིབ་འཇུག་གྲོན་དངུལ་ལོ་ལྔའི་ནང་ལྡབ་1འཕར་ཡོད། ཚན་རིག་ཞིབ་འཇུག་གི་ལས་གཞི་དང་གྲོན་དངུལ་དོ་དམ་ལམ་ལུགས་སྒྱུར་བཅོས་བྱས་ནས་ཚན་རིག་ཞིབ་འཇུག་སྡེ་ཚན་དང་ཚན་རིག་ཞིབ་འཇུག་མི་སྣར་རང་བདག་དབང་ཆ་སྔར་ལས་ཆེ་བ་སྤྲད་པ་དང་། རྒྱ་ཆེའི་ཚན་རྩལ་མི་སྣ་རྙོག་དྲ་ཆེ་བའི་སྲིད་འཛིན་ལས་དོན་ཁྲོད་ནས་ཐར་བར་བྱས་ཡོད། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་བརྒྱབ་ནས་གསར་གཏོད་ཀྱི་སྒུལ་ཤུགས་སྐུལ་སློང་བྱས་ཡོད། རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་དང་མཉམ་ལས་བྱེད་པར་སྐུལ་འདེད་བཏང་བ་དང་། ཁྲོམ་ར་ཅན་གྱི་ལམ་སྲོལ་ལ་བརྟེན་ནས་ཁེ་ལས་ཀྱིས་གསར་གཏོད་བྱེད་པར་སྐུལ་མ་བཏང་སྟེ། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་སྣོན་རྩིས་འཕྲི་འཐེན་གྱི་བསྡུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་དང་ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང་སོ་སོར་50%དང་75%ནས་100%ལ་མཐོར་འདེགས་བཏང་སྟེ། དུས་རིམ་རང་བཞིན་གྱི་སྒོ་ནས་ལས་རིགས་ཡོངས་སུ་སྤྱོད་འཐུས་པར་རྒྱ་བསྐྱེད་ཅིང་། ཁེ་ལས་ཀྱིས་རྨང་གཞིའི་ཞིབ་འཇུག་ལ་དངུལ་གཏོང་དང་སྒྲིག་ཆས་ཉོ་སྒྲུབ་བྱེད་པའི་ཐད་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་པ་དང་། གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ཀྱི་ལོ་འཁོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་ལས་བརྒལ་ཡོད། གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་དངུལ་རྩའི་སྲིད་ཇུས་ཀྱི་ཡོ་བྱད་བཙུགས་ནས་ལས་གཏོད་དངུལ་འཇོག་སོགས་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱས་པ་དང་། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་འཇོག་གྲངས་གྲངས་གནས་གཉིས་འཕར་རྒྱུ་མཐའ་འཁྱོངས་བྱས་ཏེ། གསར་གཏོད་ཁེ་ལས་འབོར་ཆེན་ཞིག་འབུར་དུ་ཐོན་ཡོད།

    ཐོན་ལས་རིམ་གྲས་མཐོ་འབྲིང་ཕྱོགས་སུ་སྐྱོད་པར་སྐུལ་འདེད་བཏང་ཡོད། བཟོ་སྐྲུན་ལས་རིགས་དེ་དངོས་གཞིའི་དཔལ་འབྱོར་གོང་དུ་སྤེལ་བའི་གཙོ་གནད་དུ་བཟུང་སྟེ། བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཡོང་བར་སྐུལ་འདེད་བཏང་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་བསྡུར་ཚད་གཞི་རྩའི་ཐོག་བརྟན་པོ་ཡོང་བ་མཐའ་འཁྱོངས་བྱས་པ། ཁོར་ཡུག་སྲུང་སྐྱོབ་དང་། སྤུས་ཚད། བདེ་འཇགས་སོགས་ཀྱི་ཁྲིམས་སྲོལ་དང་ཚད་གཞི་ལག་བསྟར་ནན་པོ་བྱས་ཤིང་ཐོན་ནུས་རྗེས་ལུས་ཅན་དོར་བ་དང་གཙོ་གནད་ཐོན་ལས་ཀྱི་ཕྲེང་སྣོན་ཕྲེང་གསབ་བྱ་སྤྱོད་སྤེལ་ཡོད། ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་ལས་གྲྭ་ཁག་གཅིག་སྤེལ་འགོ་བཙུགས་པ་དང་། ཁེ་ལས་ཀྱིས་སྒྲིག་ཆས་གསར་སྒྱུར་དང་ལག་རྩལ་བསྒྱུར་བཀོད་ཇེ་མགྱོགས་སུ་གཏོང་བར་བསྔགས་སྐུལ་བྱས་ནས་གཏན་འཇགས་རྒྱུ་ནོར་རྙིང་འགྱུར་ཚབ་ལེན་གྱི་གཟིགས་སྐྱོང་སྲིད་ཇུས་དེ་བཟོ་སྐྲུན་ལས་རིགས་ཡོངས་རྫོགས་སུ་རྒྱ་བསྐྱེདཔ། སྒྲིག་ཆས་རྩེ་གྲ་དང་། སྐྱེ་དངོས་ཀྱི་སྨན་དང་སྨན་བཅོས། འོད་གློག་རྡུལ་ཆ་འཕྲིན། ནུས་ཁུངས་གསར་པའི་རླངས་འཁོར། འོད་ཤུགས། རླུང་གློག་སོགས་གསར་དར་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་ཡོང་བར་སྐུལ་འདེད་བཏང་བ་དང་། གྲངས་འཛིན་དཔལ་འབྱོར་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ། དྲ་རྒྱའི་མྱུར་ཚད་ཇེ་མགྱོགས་དང་གླ་རིན་ཇེ་དམའ་རུ་གཏོང་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། “དྲ་སྦྲེལ+”དར་སྤེལ་བཏང་བ། སྒུལ་བདེའི་དྲ་སྦྲེལ་སྤྱོད་མཁན་དུང་ཕྱུར་14.5བར་འཕར་ཡོད། བཟོ་ལས་དྲ་སྦྲེལ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ནས་བཟོ་སྐྲུན་ལས་རིགས་གྲངས་འཛིན་ཅན་དང་རིག་ནུས་ཅན་དུ་འགྱུར་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།ཆེད་ལས་སྤུས་ལེགས་ཁྱད་ལྡན་གསར་གྲས་བཅས་ཡིན་པའི་ཁེ་ལས་འབྲིང་ཆུང་ཁྲི་7ལྷག་ཙམ་ལ་སླེབས་ཡོད། ལས་སྟེགས་དཔལ་འབྱོར་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་དེས་ལས་ཞུགས་ལས་གཏོད་ལ་སྐུལ་ཁྲིད་དང་། འཛད་སྤྱོད་ཁྲོམ་ར་རྒྱ་སྐྱེད། ཐོན་སྐྱེད་བྱེད་སྟངས་གསར་གཏོད་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་པ། ཞིབ་འཇུག་གསར་སྤེལ་ཇུས་འགོད་དང་། དེང་རབས་ཟོག་འདྲེན། ཞིབ་བཤེར་ཞིབ་དཔྱད་དཔང་འདོན་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སུ་བཏང་ཡོད། ཕྱོགས་ཡོངས་ནས་སྤུས་ཚད་དོ་དམ་དང་སྤུས་ཚད་ལྡན་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བརྒྱབ་ཡོད། ཀྲུང་གོའི་བཟོ་སྐྲུན་གྱི་སྤུས་ཚད་དང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    (ལྔ) རྒྱལ་ནང་གི་ཕན་ནུས་ལྡན་པའི་དགོས་མཁོ་རྒྱ་སྐྱེད་བཏང་སྟེ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་དུ་འགྱུར་བར་སྐུལ་འདེད་བཏང་ཡོད།  འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་དམིགས་པ་དང་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་རའི་དགེ་མཚན་ལ་གཞི་ཚུགས་ཏེ། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ལག་བསྟར་རྒྱུན་འཁྱོངས་དང་། དཔལ་འབྱོར་འཕར་སྣོན་ཡོང་བའི་སྒུལ་ཤུགས་འབྱུང་ཁུངས་སྔར་ལས་མང་བ་སྐྱེད་སྲིང་བྱས་ཡོད།  

    འཛད་སྤྱོད་དང་ཕན་ནུས་ལྡན་པའི་མ་དངུལ་འཇོག་ཁྱོན་ཆེ་རུ་གཏོང་གང་ཐུབ་བྱས་ཡོད། རིམས་ནད་མ་བྱུང་གོང་དུ་འཛད་སྤྱོད་དེ་རང་རྒྱལ་གྱི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད། དགོས་མཁོ་མི་འདང་བ་དང་ཐ་ན་ཇེ་ཉུང་དུ་གྱུར་པའི་གནས་ཚུལ་བྱུང་བར་དམིགས་ནས། འཛད་སྤྱོད་གང་མགྱོགས་སླར་གསོ་ཡོང་བར་སྐུལ་འདེད་བཏང་ཡོད། ཐབས་ལམ་མང་པོར་བརྟེན་ནས་སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་བ་དང་། ཡོང་འབབ་དམའ་འབྲིང་མི་ཚོགས་ཀྱི་ཡོང་འབབ་མཐོ་རུ་བཏང་ཡོད། རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་སོགས་འཛད་སྤྱོད་འབོར་ཆེན་ལ་རྒྱབ་སྐྱོར་བྱས་པ་དང་། རླངས་འཁོར་ཡོད་གྲངས་དུང་ཕྱུར་3ལས་བརྒལ་ཏེ་46.7%འཕར་ཡོད། དྲ་ཐོག་དང་དྲ་ཕྱིའི་འཛད་སྤྱོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ་དང་། དངོས་རྫས་ཚོང་ཟོག་དྲ་ཐོག་སིལ་ཚོང་བསྡོམས་འབོར་གྱིས་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་ཁྲོད་ཟིན་པའི་བསྡུར་ཚད་15.8%ནས་27.2%ལ་མཐོ་རུ་ཕྱིན་ཡོད། གྲོང་ཁྱེར་སྡེ་ཁུལ་གྱི་དམངས་ཕན་ཚོང་ལས་འཕེལ་རྒྱས་བཏང་བ་དང་། གྲོང་གསེབ་ཀྱི་མྱུར་སྐྱེལ་ཟོག་འགྲེམས་སྡེབ་སྐྱེལ་མ་ལག་འཐུས་ཚང་དུ་བཏང་བ། ཡུལ་སྐོར་ལས་རིགས་དར་སྤེལ་གཏོང་བར་རོགས་སྐྱོར་བྱས་པ། ཞན་ཆ་གསབ་པ་དང་། གྲུབ་ཚུལ་ལེགས་སྒྲིག གཏིང་ཤུགས་ཆེར་སྐྱེད་བཅས་ལ་དམིགས་ནས་ཕན་ནུས་ལྡན་པའི་མ་དངུལ་འཇོག་རྒྱ་ཆེ་རུ་བསྐྱེད་པ། དངུལ་འཇོག་དང་དངུལ་བསྡུའི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པ་དང་། སྔོན་རྩིས་ནང་གི་མ་དངུལ་གཏོང་བར་ཁྲིད་སྟོན་དང་སྤྱི་ཚོགས་ཀྱི་དངུལ་གཏོང་ལྡབ་འགྱུར་འཕར་བར་བྱས་ཤིང་། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་གྲངས་འབོར་མང་དུ་བཏང་སྟེ་འགྲིམ་འགྲུལ་དང་། ཆུ་བེད། ནུས་ཁུངས། ཆ་འཕྲིན་སོགས་རྨང་གཞིའི་སྒྲིག་བཀོད་དང་དམངས་འཚོའི་ལས་གྲྭ་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱས་ཤིང་། སྤྱི་ཚོགས་ཀྱི་མ་རྩ་འཛུགས་སྐྲུན་གཉེར་སྐྱོང་ནང་ཞུགས་རྒྱུར་བསྔགས་སྐུལ་བྱས་ཏེ་དམངས་ཁྲོད་དངུལ་འཇོག་གི་ཧུར་བརྩོན་རང་བཞིན་ཇེ་ཆེར་བཏང་ཡོད།

    ས་ཁོངས་འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཆེ་རུ་བཏང་ཡོད། ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས། དབུས་རྒྱུད་ས་ཁུལ་དར་རྒྱས། ཤར་རྒྱུད་སྔོན་ལ་འཕེལ་རྒྱས་བཅས་གཏོང་བར་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་ཡོད། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་འཕར་ཚད་ཤར་རྒྱུད་ས་ཁུལ་ལས་སྤྱིའི་ཆ་ནས་མཐོ་རུ་ཕྱིན་ཡོད། གསར་བརྗེའི་གནས་རྙིང་ཁུལ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཀྲུང་དབྱང་ནོར་སྲིད་ཀྱིས་འབྲེལ་ཡོད་ས་ཁུལ་ལ་སྤོ་སྒྱུར་གཏོང་སྤྲོད་བྱས་པའི་མ་དངུལ་དེ་ལོ་ལྔའི་གོང་ལས་66.8%འཕར་ཡོད། པེ་ཅིན་ཐེན་ཅིན་ཧོ་པེ་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་བ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱས་པ། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་བཏང་བ། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ས་ཁུལ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་། ཐོན་ཁུངས་ཅན་གྱི་ས་ཁུལ་གྱི་རྣམ་པ་སྒྱུར་བར་སྐུལ་འདེད་བཏང་ཞིང་། ཆ་རྐྱེན་ལྡན་པའི་ས་ཁུལ་གྱིས་སྐུལ་ཁྲིད་ཀྱི་ནུས་པ་སྔར་བས་ཆེ་བ་འདོན་སྤེལ་བྱ་རྒྱུར་སྐུལ་མ་བཏང་ནས་འཕར་སྣེ་དང་འཕར་རྒྱུད་གསར་པ་སྔར་བས་མང་བ་ཆགས་པར་སྐུལ་འདེད་བཏང་ཡོད།

    མི་ལྟེ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད། རང་རྒྱལ་སྔར་བཞིན་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་ཁྲོད་དུ་གནས་ཤིང་། ལོ་རེར་གྲོང་གསེབ་ཀྱི་མི་འབོར་བྱེ་བ་ཡན་གྲོང་ཁྱེར་དང་གྲོང་རྡལ་དུ་གནས་སྤོས་ཡོད། གྲོང་ཁྱེར་སྤྱི་དང་ལྷག་པར་དུ་རྫོང་མཁར་གྱི་ནུས་པ་འཐུས་ཚང་དུ་བཏང་བ་དང་། ཕྱོགས་བསྡུས་ཀྱི་ཐེག་ནུས་ཆེ་རུ་བཏང་བ། རིགས་དབྱེ་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་གཞིས་ཆགས་པའི་ཚོད་འཛིན་ལྷུག་ཏུ་བཏང་བའམ་མེད་པར་བཟོས་པས། ལོ་བཅུའི་རིང་གྲོང་གསེབ་ཀྱི་མི་འབོར་དུང་ཕྱུར་1.4གྲོང་ཁྱེར་དང་གྲོང་རྡལ་དུ་གཞིས་ཆགས་པ། གྲོང་ཁྱེར་ཁྱུ་ཚོགས་དང་གྲོང་ཁྱེར་ཆེན་པོའི་མུ་ཁྱུད་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་བཏང་བ་དང་། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་དུ་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་མུ་ཁྱུད་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་། ཁང་པ་ནི་སྡོད་ས་ཡིན་པ་ལས་སྦིར་འཚོང་བྱེད་བྱ་མིན་པའི་ངེས་གནས་རྒྱུན་འཁྱོངས་བྱས་ཏེ། ཁང་གཞིས་ཐོན་ལས་ཀྱི་ཡུན་ཕན་ལམ་སྲོལ་བཙུགས་པ་དང་ལག་བསྟར་བྱས་ཤིང་། འགན་སྲུང་རང་བཞིན་གྱི་སྡོད་ཁང་མཁོ་འདོན་བྱེད་རྒྱ་ཆེ་རུ་བཏང་བ་དང་། ཡུན་རིང་བོགས་གཏོང་ཁང་པའི་ཚོང་ར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ། ས་གོང་བརྟན་པོ་དང་། ཁང་གོང་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་བྱས་པ་དང་། གྲོང་ཁྱེར་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་ཁང་གཞིས་ཐོན་ལས་ཁྲོམ་ར་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྕགས་ལམ་འགྲིམ་འགྲུལ་གཉེར་སྐྱོང་གི་ལམ་ཚད་སྤྱི་ལེ་4500ལྷག་ཙམ་ནས་སྤྱི་ལེ་ཁྲི་1ལ་ཉེ་བ་ཙམ་འཕར་བ་དང་། ཆུ་འབུད་མདོང་ལམ་སྤྱི་ལེ་ཁྲི་63ནས་སྤྱི་ལེ་ཁྲི་89ལ་འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ་ཁྲི་16.7བསྒྱུར་བཀོད་བྱས་པས་ཁྱིམ་ཚང་ཁྲི་2900ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

    (དྲུག) རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱས་ཏེ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བཏང་ཡོད། ཞིང་དར་ཞིང་ཕན་སྲིད་ཇུས་འཐུས་ཚང་དུ་བཏང་བ་དང་། ཞིང་ལས་ཐོན་སྐྱེད་མུ་མཐུད་དམ་འཛིན་ལེགས་པོ་བྱས་ཤིང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གང་མགྱོགས་བཏང་ཡོད།

    ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་བཏང་ཡོད། འབྲུ་རིགས་འདེབས་ཁྱོན་བརྟན་འཇགས་དང་རྒྱ་བསྐྱེད་པ་དང་། སྲན་ཆེན་སྣུམ་རྒྱུ་འདེབས་ཁྱོན་རྒྱ་བསྐྱེད་ཅིང་། ཐོན་སྐྱེད་གྲུབ་ཚུལ་གྱི་བཀོད་པ་ལེགས་སུ་བཏང་ནས་མུའུ་རེའི་ཐོན་ཚད་དང་སྤུས་ཚད་མཐོ་རུ་བཏང་ཡོད། འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་བཏང་བ་དང་། འབྲུ་རིགས་འདེབས་མཁན་ཞིང་པར་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་བརྟན་པོ་ཡོང་བར་བྱས་པ། འབྲས་དང་གྲོ་ཉོ་སྒྲུབ་རིན་གོང་དམའ་ཤོས་གཏན་འཁེལ་ལུགས་མཐུན་བྱས་པ་དང་། འབྲུ་རིགས་ཐོན་འབོར་ཆེ་བའི་རྫོང་ལ་བྱ་དགའ་སྤྲོད་ཤུགས་ཆེ་རུ་བཏང་ཞིང་། སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་བཏང་ཡོད། རྨོ་ཞིང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ས་ནག་སྲུང་སྐྱོབ་ལས་གྲྭ་ལག་བསྟར་བྱས་པ། ཆུ་བེད་སྒྲིག་བཀོད་འཐུས་ཚང་དུ་བཏང་བ་དང་། ཚད་གཞི་མཐོ་བའི་རྨོ་ཞིང་མུའུ་དུང་ཕྱུར་4.56གསར་སྐྲུན་བྱས་པ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཐོན་ལས་རྒྱུད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ། སོན་ལས་དང་ཞིང་ལས་འཕྲུལ་ཆས་སོགས་ཚན་རྩལ་གསར་གཏོད་དང་ཁྱབ་གདལ་བེད་སྤྱོད་མགྱོགས་སུ་བཏང་བ་དང་། ཞིང་ལས་ལོ་ཏོག་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་67%ནས་73%ལ་མཐོ་རུ་བཏང་ཡོད། འབྲུ་རིགས་བདེ་འཇགས་ཐད་ཏང་སྲིད་འགན་འཁྲི་གཅིག་མཚུངས་ཡིན་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་བརྟན་སྤྲོད་སྲུང་ལ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་འབད་པ་ལྷོད་མེད་ཀྱིས་ཀྲུང་གོ་བ་དུང་ཕྱུར་14ལྷག་ཙམ་གྱི་ཟས་ཕོར་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ཡོད།

    གྲོང་གསེབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་སྒོ་ཚང་དུ་བཏང་བ་དང་། འགན་གཙང་བླངས་པའི་ས་ཞིང་གི་བདག་དབང་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པ་དང་གྲོང་གསེབ་ཀྱི་ཐུན་མོང་ཐོན་དབང་ལམ་ལུགས་སྒྱུར་བཅོས་བྱེད་པའི་དུས་རིམ་རང་བཞིན་གྱི་ལས་འགན་ལེགས་སྒྲུབ་བྱས་ནས། རྣམ་པ་སྣ་མང་དང་གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་། ཁྱིམ་ཚང་ཞིང་ར་དང་ཞིང་པའི་མཉམ་ལས་ཁང་འཕེལ་རྒྱས་གཏོང་རྒྱུར་དམ་འཛིན་ཡག་པོ་བྱས་ཤིང་། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་འཕེལ་རྒྱས་མགྱོགས་སུ་བཏང་ཡོད། གྲོང་གསེབ་འཛུགས་སྐྲུན་བྱ་སྤྱོད་སྤེལ་འགོ་བརྩམས་ཏེ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་རྒྱུན་མཐུད་བཅོས་སྐྱོང་དང་མཐོར་འདེགས་བཏང་ཞིང་། ཆུ་གློག་ལམ་རླངས་འཕྲིན་སྦྲག་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྒྲིག་གཞི་ཚང་བའི་གྲོང་ཚོར་མཁྲེགས་ལམ་དང་འགྲུལ་སྐྱེལ་རླངས་འཁོར་ཤར་བགྲོད་ཐུབ་པར་བྱས་ཡོད། གྲོང་གསེབ་ཏུ་སྦུག་ཆུ་ཁྱབ་ཚད་80%ནས་87%ལ་འཕར་བ་དང་། ལོ་མང་རིང་རིམ་རྩིས་བརྒྱབ་པ་ལྟར་ན་གྲོང་གསེབ་ཀྱི་ཁང་པ་ཉེན་ཅན་ཁྲི་2400ལྷག་སྒྱུར་བཀོད་བྱས་ཡོད། མཁོ་འཚོང་མཉམ་ལས་ཁང་དང་། ཐུན་མོང་གི་ནགས་ཚལ་དབང་ཆ། ས་རྒོད་གསར་སྦོལ་སོགས་ཀྱི་སྒྱུར་བཅོས་ཟབ་སྤེལ་བྱས་ཡོད། ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་ཏེ་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་བཏང་ནས་ཞིང་པའི་ལས་ཞུགས་ལས་གཏོད་འབབ་འཕར་བཅས་ལ་སྐུལ་འདེད་བཏང་ཡོད། ཞིང་པ་ལས་མིར་འཐོབ་འོས་པའི་གླ་དངུལ་དུས་ཐོག་ཏུ་འཐོབ་པར་འགན་སྲུང་དང་། ཞིང་པ་ལས་མིར་གླ་ཕོགས་ཆད་འགྱངས་གཙང་བཅོས་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་ཆེད། ཞིང་པ་ལས་མིར་གླ་ཆ་སྤྲོད་པར་འགན་སྲུང་བྱེད་པའི་སྲོལ་ཡིག་དངོས་སུ་བཏོན་ནས་ལག་བསྟར་བྱས་པ་དང་། བསམ་བཞིན་དུ་འགྱངས་ཆད་བྱེད་པའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཡོད།

    (བདུན) བློ་བརྟན་འགྱུར་མེད་ཀྱིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། གཉིས་ཕན་མཉམ་རྒྱལ་གྱི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཡོད། ཕྱི་ཕྱོགས་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བའི་མདུན་དུ་སྔར་བས་ཧུར་བརྩོན་དང་རང་འགུལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་ཏེ། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་ནུས་ལྡན་བཏང་ཡོད།

    ཕྱིར་གཏོང་ནང་འདྲེན་བརྟན་ཐོག་སྤུས་འདེགས་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། ཕྱིར་གཏོང་ཁྲལ་སློག་དང་། ཡིད་རྟོན་འགན་ལེན། ཡིད་རྟོན་དངུལ་བུན་སོགས་ཀྱི་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཁེ་ལས་ཀྱི་ཕྱིར་གཏོང་ཁྲལ་སློག་སྒྲུབ་པའི་དུས་ཚོད་དེ་ལས་ཀའི་ཉིན་གྲངས་6ནང་ཚུན་ལ་ཇེ་ཐུང་དུ་བཏང་ཡོད། ཕྱི་དངུལ་ཞབས་ཞུ་ལེགས་སྒྱུར་བྱས་ཡོད། ཕྱི་ཚོང་གི་ལས་རྣམ་གསར་པ་འཕེལ་རྒྱས་བཏང་བ་དང་། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ་152གསར་དུ་བཙུགས་ཤིང་། རྒྱལ་ཕྱིའི་བང་མཛོད་ཁག་ཅིག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཡོད། ནང་འདྲེན་དངོས་མང་སྟོན་ཚོགས་དང་། ཀོང་ཀྲོའུ་ཉོ་ཚོང་ཚོགས་འདུ། ཞབས་ཞུ་ཚོང་ཚོགས། འཛད་སྤྱོད་དངོས་མང་སྟོན་ཚོགས་སོགས་འགྲེམས་ཚོགས་གལ་ཆེན་གྱི་ནུས་པ་འདོན་སྤེལ་བྱས་ཡོད། འགག་སྒོ་ལས་སྒྲོལ་བ་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཞིང་། ཕྱིར་གཏོང་ནང་འདྲེན་གཉིས་འགག་སྒོ་ལས་སྒྲོལ་བའི་དུས་ཚོད་སོ་སོར་67%དང་92%ཐུང་དུ་བཏང་ནས་ཕྱིར་གཏོང་ནང་འདྲེན་ལྷུ་ཚིགས་ཀྱི་ལུགས་མཐུན་མ་གནས་མངོན་གསལ་དོད་པོས་ཆག་ཡོད། སྒོ་ཁྲལ་གྱི་སྤྱིའི་ཆུ་ཚད་9.8%ནས་7.4%ལ་ཆག་ཡོད། ཕྱོགས་ཡོངས་ནས་ཞབས་ཞུའི་ཉོ་ཚོང་གསར་གཏོད་འཕེལ་རྒྱས་ཀྱི་ཚོད་ལྟ་གཏིང་ཟབ་ཏུ་བཏང་བ་དང་། རྒྱལ་ཁོངས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་བཀག་རྒྱ་གསལ་ཐོ་བཏོན་ཡོད། ཕྱིར་གཏོང་ནང་འདྲེན་བརྟན་པོའི་ངང་འཕར་བ་ལས་དཔལ་འབྱོར་འཕེལ་རྒྱས་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

    ཕྱི་དངུལ་བེད་སྤྱོད་ནུས་ལྡན་ཧུར་ཐག་བྱས་ཡོད། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་བཏོན་པ་དང་། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱས་ཡོད། ཕྱི་དངུལ་ཚོང་རར་ཞུགས་འཐུས་མུ་མཐུད་ལྷུག་ཏུ་བཏང་ཞིང་། རྒྱལ་ཡོངས་དང་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་བཀག་རྒྱ་གསལ་ཐོའི་གྲངས་ཀ་སོ་སོར་51%དང་72%ཉུང་དུ་བཏང་བ་དང་། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཕལ་ཆེར་ཕྱོགས་ཡོངས་ནས་གློད་ཡོད་ཅིང་། དངུལ་རྩ་སོགས་ཞབས་ཞུའི་ལས་རིགས་ཀྱི་སྒོ་འབྱེད་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ཡོད། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་21བཙུགས་པ་དང་། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད། ས་གནས་ཁག་གིས་བྱེད་ཐབས་གསར་གཏོད་བྱས་ནས་ཕྱི་རྒྱལ་གྱི་དངུལ་འཇོག་ལ་སྐུལ་འདེད་གཏོང་བའི་ཞབས་ཞུར་ཤུགས་བརྒྱབ་པ་དང་། ཚོང་འགུག་དངུལ་འདྲེན་དང་ལས་གཞི་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ཡོད། ཕྱི་རྒྱལ་གྱིས་མ་དངུལ་བཏང་བའི་ལས་གཞི་ཆེན་པོ་ཁག་ཅིག་དོན་ཐོག་ཏུ་འཁྱོལ་བ་དང་། རང་རྒྱལ་རྒྱུན་མཐུད་ངང་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཞག་ནས་ཚོང་ལས་སྤེལ་བའི་གནས་མཆོག་ཏུ་གྱུར་ཡོད།

    སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་སྐུལ་འདེད་བཏང་ཡོད། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་རྒྱུན་འཁྱོངས་དང་། ཁྲོམ་རའི་རྩ་དོན་དང་རྒྱལ་སྤྱིའི་ཐོག་ཐུན་མོང་དུ་སྤྱོད་པའི་སྒྲིག་སྲོལ་བརྩི་སྲུང་བྱས་ཏེ། ཕན་ཚུན་སྦྲེལ་མཐུད་དང་ཐོན་ནུས་མཉམ་ལས་ཀྱི་ལས་གཞི་ཁག་ཅིག་ལག་བསྟར་བྱས་ནས་ལམ་རྒྱུད་རྒྱལ་ཁབ་ལ་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ལོ་རེར་ཆ་སྙོམས་13.4%འཕར་ཡོད་པ་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ཡོད། ནུབ་རྒྱུད་སྐམ་མཚོའི་རྒྱུ་ལམ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། ཕྱི་ཕྱོགས་སུ་མ་དངུལ་འཇོག་པ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་དང་། མངའ་ཁོངས་ཕྱིའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ཡོད། རང་མོས་ཉོ་ཚོང་གྲོས་ཆོད་6གསར་དུ་བཞག་པ་དང་རིམ་སྤོར་བྱས་པ་དང་། རང་མོས་ཉོ་ཚོང་རོགས་ཟླ་དང་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཀྱི་བསྡུར་གྲངས་26%ནས་35%ཡས་མས་སུ་འཕར་ཡོད་པ་རེད། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་བློ་རྩ་བརྟན་པོས་སྲུང་སྐྱོང་དང་། ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ། དཔལ་འབྱོར་ཉོ་ཚོང་གི་རྩོད་གླེང་ལ་ཁ་གཏད་བརྟན་པོར་འཇལ་བ་བཅས་བྱས་ཏེ། ཉོ་ཚོང་དང་མ་དངུལ་འཇོག་པ་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད།

    (བརྒྱད) སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་ཆ་ཚང་དུ་བཏང་བ་དང་། འཕེལ་རྒྱས་དང་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཤིང་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    སྦགས་བཙོག་བཅོས་སྐྱོང་དང་སྐྱེ་ཁམས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད། སྦགས་བཅོས་གནད་འཕིགས་དང་། ཚན་རིག་དང་མཐུན་པའི་སྦགས་བཅོས། ཁྲིམས་ལྟར་སྦགས་བཅོས་བཅས་རྒྱུན་འཁྱོངས་བྱས་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། སྦགས་བཙོག་དངོས་པོ་མང་པོ་མཉམ་དུ་བཅོས་སྐྱོང་དང་ས་ཁོངས་མཉམ་འགོག་མཉམ་བཅོས་བྱ་རྒྱུར་སྣང་ཆེན་བྱས་ཏེ་ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་86.5%ལ་སླེབས་ནས་བརྒྱ་ཆའི་གཞི་གྲངས་4འཕར་ཡོད། ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་བཙོག་ཆུ་དྲི་ཅན་གཞི་རྩའི་ཆ་ནས་མེད་པར་བཟོས་པ་དང་། ཆུ་བོ་དང་མཚེའུ་གལ་ཆེན་དང་། མཚོ་འགྲམ་མཚོ་ཁོངས་ཀྱི་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་བཏང་ཡོད། ས་རྒྱུའི་སྦགས་བཙོག་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྲ་གཟུགས་ཟོག་རོ་དང་སྦགས་བཙོག་དངོས་པོ་གསར་པ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། ཕྱོགས་ཡོངས་ནས་རྨོ་ཞིང་དང་གཏན་འཇགས་གཞི་རྩའི་ས་ཞིང་སྲུང་སྐྱོབ་ཀྱི་དམར་ཐིག་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་མཐའ་མཚམས་བཅས་དབྱེ་འབྱེད་གཏན་འབེབས་བྱས་ཡོད། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ལས་གྲྭ་གལ་ཆེན་ཁག་ཅིག་ལག་བསྟར་བྱས་པ་དང་། ཕྱོགས་ཡོངས་ནས་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་དང་། ནགས་དཔོན་ལམ་ལུགས་ཁྱབ་སྤེལ་བཏང་བ་རེད། འབྲི་ཆུ་སྲུང་སྐྱོབ་ཆེན་མོ་མཉམ་འཛིན་ལ་སྐུལ་འདེད་བཏང་ཡོད། འབྲི་ཆུའི་འབབ་རྒྱུད་ཀྱི་གཙོ་གནད་ཆུ་ཁོངས་སུ་ལོ་བཅུའི་རིང་ཉ་འཛིན་མི་ཆོག་པ་ལག་བསྟར་གཏིང་ཟབ་བྱས་ཡོད། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་ཤུགས་བརྒྱབ་ཡོད། སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཡོད། ནགས་ཚལ་ཁེབས་ཚད་24%ཟིན་པ་དང་། རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་དང་འདམ་ར་སྲུང་སྐྱོབ་བྱེད་ཚད་ཚང་མ་50%ཡན་ལ་སླེབས་པ་དང་། ས་ཆུ་ཤོར་བ་དང་། མྱ་ངམ་ཐང་དུ་འགྱུར་བ། བྱེ་ཐང་དུ་འགྱུར་བ་བཅས་ཀྱི་ས་ཆའི་རྒྱ་ཁྱོན་སོ་སོར་སྤྱི་ལེ་གྲུ་བཞི་མ་ཁྲི་10.6དང་། ཁྲི་3.8དང་། ཁྲི་3.3བཅས་དངོས་སུ་ཉུང་དུ་ཕྱིན་ཡོད། མི་དམངས་མང་ཚོགས་ཀྱིས་གནམ་སྔོན་སྤྲིན་དཀར་དང་རི་སྔོན་ཆུ་དྭངས་ལོངས་སུ་སྤྱོད་ཚད་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།

    ནུས་སྲི་ཐཱན་གཅོག་ལ་བརྟན་པོའི་ངང་སྐུལ་སྤེལ་བཏང་ཡོད། ནུས་རྒྱུ་བདེ་འཇགས་དང་བརྟན་བརླིང་ངང་མཁོ་འདོན་དང་ལྗང་མདོག་ཐཱན་ཉུང་ངང་འཕེལ་རྒྱས་འགྲོ་བར་གཅིག་གྱུར་འཆར་འགོད་བྱས་པ་དང་། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ཡོང་བར་སྐུལ་འདེད་བཏང་ཡོད། ནུས་རྒྱུའི་གྲུབ་ཚུལ་ལེགས་སྒྱུར་བྱས་ཏེ། འབུད་སྐྱུར་ཆེས་ཉུང་བའི་སོལ་གློག་འཕྲུལ་ཚན་སྟོང་ཝ་དུང་ཕྱུར་10.5ལས་བརྒལ་བ་མངོན་འགྱུར་བྱུང་བ་དང་། བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་འཕྲུལ་ཆས་སྒྲིག་སྦྱོར་གཞི་ཁྱོན་སྟོང་ཝ་དུང་ཕྱུར་6.5ནས་སྟོང་ཝ་དུང་ཕྱུར་12ཡན་ལ་འཕར་བ། ནུས་རྒྱུ་གཙང་མའི་འཛད་སྤྱོད་ཀྱིས་བཟུང་བའི་བསྡུར་ཚད་20.8%ནས་25%ཡན་ལ་འཕར་ཡོད། ཕྱོགས་ཡོངས་ནས་ཐོན་ཁུངས་གྲོན་ཆུང་གི་ལས་དོན་ལ་ཤུགས་བརྒྱབ་པ་དང་། ལྗང་མདོག་ཐོན་ལས་དང་རེས་འཁོར་དཔལ་འབྱོར་འཕེལ་རྒྱས་བཏང་བ་དང་། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལག་རྩལ་དང་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བཏང་ཡོད། སྐྱེ་ཁམས་མ་ལག་གི་ཐཱན་བསྡུས་ནུས་ཤུགས་ཇེ་ཆེར་བཏང་ཡོད། ལྗང་མདོག་འཕེལ་རྒྱས་ལ་དངུལ་རྩས་རྒྱབ་སྐྱོར་བྱེད་པར་ཤུགས་བརྒྱབ་ཡོད། ནུས་རྒྱུ་ཟད་གྲོན་ལ་དཔྱད་ཞིབ་བྱེད་སྟངས་འཐུསསྒོ་ཚང་དུ་བཏང་ཡོད། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རྒྱལ་སྤྱིའི་མཉམ་ལས་ནང་ཧུར་ཐག་ཞུགས་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་བྱས་རྗེས་བཞག་ཡོད།

    (དགུ) དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱས་ཏེ། སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་མགྱོགས་སུ་བཏང་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་མཐར་ཕྱིན་བསྟར་ནས་དམངས་འཚོར་མ་དངུལ་འཇོག་གྲངས་མུ་མཐུད་མང་དུ་བཏང་སྟེ། གཞི་རྩ་འགན་སྲུང་དང་། མ་མཐའི་མཚམས་ཐིག་སྲུང་བ། དྲང་གཞག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ། འཕེལ་རྒྱས་གཏོང་རིམ་ཁྲོད་དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    སློབ་གསོ་དྲང་སྙོམས་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་ཡོད། ལོ་བརྒྱའི་ཇུས་ཀྱི་གཞི་མ་སློབ་གསོ་ཡིན། ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་གྱིས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་ཟིན་པའི་བསྡུར་ཚད་ལོ་རེར་4%ཡན་མཐའ་འཁྱོངས་བྱས་ཡོད་པ་དང་། སློབ་མ་རེར་ཆ་སྙོམས་གྲོན་དངུལ་གཏོང་ཚད་ཆེས་ཆེར་འཕར་ཡོད། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ལྷུ་ཚིགས་ཞན་ས་འཛུགས་སྐྱོང་བྱེད་པར་རྒྱུན་མཐུད་ཤུགས་བརྒྱབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲངས་ཚད་ལས་བརྒལ་བའི་འཛིན་གྲྭ་ཆེན་པོ་གཞི་རྩའི་ཆ་ནས་མེད་པར་བཟོས་ཏེ། གྲོང་ཁྱེར་དུ་ལས་ཀ་བྱེད་པར་འགྲོ་མཁན་གྱི་བུ་ཕྲུག་སློབ་གྲྭར་ཞུགས་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བ་དང་། འོས་འགན་སློབ་གསོ་སྲ་བརྟན་དུ་བཏང་ཚད་93.8%ནས་95.5%ལ་མཐོ་རུ་བཏང་ཡོད། འོས་འགན་སློབ་གསོ་དེ་རྒྱལ་ཁབ་ཀྱིས་གཅིག་གྱུར་དུ་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། དམངས་གཉེར་སློབ་གསོ་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་དང་ཚད་ལྡན་དུ་བཏང་ཡོད། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་ཁུར་པོ་ཡང་དུ་བཏང་ཡོད། ན་གཞོན་གྱི་བདེ་ཐང་ཆུ་ཚད་མཐོར་འདེགས་བཏང་ཡོད། འཚོ་བཅུད་ལེགས་གཏོང་འཆར་གཞི་རྒྱུན་མཐུད་ངང་ལག་བསྟར་བྱས་ནས་ལོ་ལྟར་སློབ་མ་ཁྲི་3700ལྷག་ལ་ཕན་པ་ཐོབ་ཡོད། དགེ་རྒན་སྤྱི་དང་ལྷག་པར་དུ་གྲོང་གསེབ་དགེ་རྒན་གྱི་གླ་ཕོགས་ཐོབ་ཐང་འགན་སྲུང་བྱས་ཡོད། ཐབས་ལམ་མང་པོའི་ཐོག་ནས་བུ་བཅོལ་ཁང་མང་དུ་བཏང་ཡོད། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད་90%ཡན་མཐོར་འདེགས་བྱུང་བ། ལས་རིགས་སློབ་གསོའི་མཐུན་འཕྲོད་རང་བཞིན་ཆེ་རུ་ཕྱིན་པ་དང་ལས་རིགས་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད། མཐོ་རྒྱུགས་ཕྱོགས་བསྡུས་སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་བཏང་ཞིང་། མཐོ་རིམ་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད་45.7%ནས་59.6%ལ་མཐོ་རུ་ཕྱིན་པ་དང་། མཐོ་རིམ་སློབ་གྲྭའི་སློབ་བསྡུའི་ཐད་དབུས་ནུབ་ས་ཁུལ་དང་གྲོང་གསེབ་ས་ཁུལ་ལ་གཟིགས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་མཐོ་རིམ་སློབ་གྲྭའི་སློབ་མར་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་སྐྱོར་དངུལ་བུན་སྤྲོད་པའི་གྲངས་ཚད་མཐོར་འདེགས་ཆེས་ཆེར་བཏང་ཡོད། “རྨང་བརྟན་འཆར་གཞི”དང་རྨང་གཞིའི་རིག་ཚན་གྱི་རྩེར་སོན་ཤེས་ལྡན་མི་སྣ་གསོ་སྐྱོང་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ། རྨང་གཞིའི་རིག་ཚན་གྱི་རྩེར་སོན་སློབ་མ་གསོ་སྐྱོང་རྟེན་གཞི་288འཛུགས་སྐྲུན་བྱས་པ་དང་། འཛམ་གླིང་གི་སློབ་ཆེན་རྩེ་གྲ་དང་རིག་ཚན་རྩེ་གྲ་འཛུགས་སྐྲུན་བྱེད་པར་མུ་མཐུད་སྐུལ་འདེད་བཏང་ནས། འཕེལ་རྒྱས་ཀྱི་ཤེས་ལྡན་མི་སྣའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད།

    སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཇེ་ཆེར་བཏང་ཡོད། བདེ་ཐང་ཀྲུང་གོའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་དང་ཁྱབ་གདལ་ཧུར་ཐག་བཏང་བ་དང་། གསོ་རིག་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱས་ཡོད། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་དེ་སྤྱི་པའི་ཐོན་རྫས་སུ་བརྩིས་ནས་དམངས་ཡོངས་ལ་མཁོ་འདོན་བྱས་ཏེ་མང་ཚོགས་ཀྱི་སྨན་པ་བསྟེན་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་སྔར་བས་ཞི་ལྷོད་དུ་བཏང་ཡོད། གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་གྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཚད་གཞི་སྒོར་450ནས་སྒོར་610ལ་མཐོ་རུ་བཏང་ཡོད། མང་ཚོགས་ལ་འཕྲལ་མཁོའི་སྨན་རྫས་སྔར་ལས་མང་བ་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་ཁྱབ་ཁོངས་སུ་བཅུག་ཡོད། ཞག་སྡོད་སྨན་བཅོས་དང་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་མཇུག་རྩིས་རྒྱག་རྒྱུ་མངོན་འགྱུར་བྱུང་བས། མི་ཐེངས་ཁྲི་5700ལྷག་ལ་ཕན་པ་ཐོབ་ཡོད། སྨན་རྫས་དང་སྨན་སྤྱོད་ཟད་གྲོན་རྒྱུ་ཆ་གཅིག་སྡུད་ཀྱིས་འབོར་ལྡན་ཉོ་སྒྲུབ་བྱ་རྒྱུ་ཁྱབ་གདལ་བཏང་ནས་འགྲོ་གྲོན་གྱི་ཁུར་པོ་སྒོར་དུང་ཕྱུར་4000ལྷག་ཡང་དུ་བཏང་ཡོད།རྒྱལ་ཁབ་གསོ་རིག་ལྟེ་གནས་13བཙུགས་པ་དང་། རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་76འཛུགས་སྐྲུན་བཀོད་སྒྲིག་བྱས་ཡོད། ཕྱོགས་ཡོངས་ནས་གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་སྒྱུར་བཅོས་ཁྱབ་གདལ་བཏང་བ་དང་། རྫོང་ཁོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་རྒྱུན་མཐུད་ངང་མཐོ་རུ་བཏང་ཞིང་། རིམ་དབྱེའི་ནད་བརྟག་སྨན་བཅོས་མ་ལག་འཐུས་སྒོ་ཚང་དུ་བཏང་ཡོད། རྒན་རྒོན་སོགས་མི་ཚོགས་ཀྱི་སྨན་པ་བསྟེན་པའི་ཞབས་ཞུ་ཇེ་ལེགས་སུ་བཏང་ཡོད། ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ཡོང་བ་དང་དམངས་འཚོར་ཕན་ཐོགས་པར་སྐུལ་འདེད་བཏང་ཡོད། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་མི་རེར་ཆ་སྙོམས་སུ་ནོར་སྲིད་ཁ་གསབ་ཚད་གཞི་སྒོར་50ནས་སྒོར་84ལ་མཐོ་རུ་བཏང་ཡོད། སྔོན་འགོག་གཙོར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གཅོང་ནད་ཚབས་ཆེན་ལ་བདེ་ཐང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཡོད། ནད་རིགས་སྔོན་འགོག་དང་ཚོད་འཛིན་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་བ་དང་། རྒྱལ་ཁབ་ནད་རིགས་སྔོན་འགོག་ཚོད་འཛིན་ཅུས་བཙུགས་ཤིང་། རིམས་ནད་ཚབས་ཆེན་འགོག་བཅོས་དང་འཕྲལ་བསྟུན་དངོས་ཟོག་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་སྟེ། མི་དམངས་ཀྱི་བདེ་ཐང་འགན་སྲུང་གང་ཐུབ་བྱས་ཡོད།

    སྤྱི་ཚོགས་འགན་སྲུང་དང་ཞབས་ཞུར་ཤུགས་བརྒྱབ་ཡོད། གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩའི་ཀྲུང་དབྱང་གི་སྙོམ་སྒྲིག་ལམ་ལུགས་བཙུགས་ཤིང་། ལས་འཁྱུར་ངལ་གསོའི་མི་སྣའི་གཞི་རྩའི་རྒན་གསོའི་འཚོ་དངུལ་བསྟུད་མར་སྤར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་དམའ་ཤོས་མཐོ་རུ་བཏང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་དང་། གཟིགས་སྐྱོང་གོད་གསབ། ལས་ཤོར་དང་ལས་རྨས་འགན་སྲུང་སོགས་ཀྱི་ཚད་གཞི་བརྟན་པོའི་ངང་མཐོ་རུ་བཏང་ཡོད། མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་འཇལ་བ་དང་། རྒན་རྒོན་གྱི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། སྡེ་ཁུལ་དང་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་འཕེལ་རྒྱས་བཏང་སྟེ། ཆ་འགྲིག་སྒྲིག་བཀོད་དང་བཀག་དངོས་མེད་པའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད། ཁྲལ་གྲོན་དང་། སྡོད་ཁང་། ཆུ་གློག་སོལ་རླངས་བཅས་ཀྱི་རིན་གོང་ཐད་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱས་ཡོད། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་ལ་སྐུལ་འདེད་བཏང་ཡོད། ་ཡུན་རིང་ནད་སྐྱོང་འགན་བཅོལ་ལམ་ལུགས་ཚོད་ལྟ་བྱེད་གནས་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་དང་ཆ་འགྲིག་རྒྱབ་སྐྱོར་བྱེད་ཐབས་ལག་བསྟར་བྱས་ཡོད། དམག་ཞབས་ཐིམ་པའི་དམག་མིའི་དོ་དམ་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་འགན་སྲུང་ཆུ་ཚད་མཐོ་རུ་བཏང་ཡོད། བུད་མེད་དང་བྱིས་པའི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད། ན་སོ་དར་ལ་མ་བབས་པའི་མི་སྣར་སྲུང་སྐྱོབ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཡོད། དབང་པོ་སྐྱོན་ཅན་ལ་འགན་སྲུང་དང་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་མ་ལག་ཆ་ཚང་དུ་བཏང་ཡོད། སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་ལག་ཆ་ཚང་དུ་བཏང་བ་དང་། ཡོང་འབབ་དམའ་བའི་མི་འབོར་གྱི་གནས་ཚུལ་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ། དཀའ་ངལ་འཕྲད་མཁན་ཚོར་དུས་ཐོག་ཏུ་རོགས་སྐྱོར་བྱས་ནས་ལོ་རེར་ཆ་སྙོམས་སྐབས་འཕྲལ་རོགས་སྐྱོབ་མི་ཐེངས་ཁྲི་1100ལ་བྱས་ཡོད་པ་དང་། ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་དྲ་བ་མཐའ་གཅིག་ཏུདམ་པོར་སྲུང་ཡོད།  

    མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱས་ཡོད། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་སྐྲུན་གཏིང་ཟབ་ཏུ་སྤེལ་ཞིང་། གསར་འགྱུར་དཔེ་སྐྲུན་དང་། རླུང་འཕྲིན་གློག་བརྙན་བརྙན་འཕྲིན། རྩོམ་རིག་སྒྱུ་རྩལ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག ཡིག་ཚགས་སོགས་ཀྱི་བྱ་གཞག་འཕེལ་རྒྱས་བཏང་བ་དང་། རིག་མཛོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད། སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ཡོད། རྒྱལ་སྤྱིའི་སྒྲོག་སྤེལ་ཕན་ནུས་མཐོར་འདེགས་བྱས་ཡོད། དྲ་སྦྲེལ་གྱི་ནང་དོན་འཛུགས་སྐྲུན་ལ་ཤུགས་བརྒྱབ་པ་དང་གསར་གཏོད་བྱས་ཡོད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་བ་དང་། རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་བཏང་ཡོད། རིག་གནས་དམངས་ཕན་ལས་གྲྭ་ལག་བསྟར་བྱས་ཏེ། སྤྱི་པའི་དཔེ་མཛོད་ཁང་དང་། དངོས་མང་བཤམས་སྟོན་ཁང་། མཛེས་རྩལ་ཁང་། རིག་གནས་ས་ཚིགས་དང་རིག་གནས་ཁང་སོགས་སྤྱི་ཚོགས་ལ་རིན་དངུལ་མི་ལེན་པར་སྒོ་ཕྱེ་ཡོད། དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ཡོད། རྒྱལ་ཁབ་ཀྱི་ཚན་རྩལ་ཁྱབ་སྤེལ་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད། ལུས་རྩལ་པ་ཚོས་འབད་བརྩོན་ཆེན་པོས་གྲུབ་འབྲས་བཟང་པོ་བླངས་པ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་རྒྱ་ཁྱབ་ཏུ་སྤེལ་ཡོད།

    (བཅུ) སྲིད་གཞུང་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱེད་པར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་སྤྱི་ཡོངས་བརྟན་བརླིང་མཐའ་འཁྱོངས་བྱས་ཡོད། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱེད་སྒོ་ཁྲིམས་སྐྱོང་གི་འགྲོ་ལམ་ཐོག་འཁོར་སྐྱོད་སྔར་ལས་ལེགས་པོ་ཡོང་བར་བྱས་ཡོད། ཁྲིམས་ལྟར་སྲིད་འཛིན་རྒྱུན་འཁྱོངས་བྱས་ཏེ། སྲིད་ལུགས་ཆེན་པོ་སྤྱི་ལ་སྙོམས་པར་བྱས་ཡོད། གཟབ་ནན་ཚད་ལྡན་དྲང་གཞག་ཚུལ་ལྡན་བཅས་ཀྱི་སྒོ་ནས་ཁྲིམས་བསྟར་བྱས་ཤིང་། སྲིད་གཞུང་གི་དབང་ཆ་མི་དམངས་ལས་བྱུང་བ་དང་། དབང་ཆ་ཡོད་ཀྱང་རང་ཤེད་མི་བྱ་ལ། དབང་ཆ་སྤྱོད་པར་ངེས་པར་དུ་ལྟ་སྐུལ་དང་ལེན་ཞུ་དགོས། བཅའ་ཁྲིམས་ཁྲིམས་སྲོལ་དང་སྒྲིག་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་བཏང་ཞིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་བཅའ་ཁྲིམས་གྲོས་གཞི་50གྲོས་ཞིབ་བྱེད་པར་ཕུལ་བ་དང་། སྲིད་འཛིན་ཁྲིམས་སྲོལ་ཐེངས་གྲངས་180གཏན་འབེབས་དང་དག་བཅོས་བྱས་ཡོད། རིམ་པ་གཅིག་མཚུངས་ཀྱི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་ཁྲིམས་ལྟར་དང་ལེན་དང་། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་རྟོགས་ངང་དང་ལེན། སྤྱི་ཚོགས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བཅས་བྱས་ཡོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ནན་ཏན་གྱིས་བསྒྲུབས་ཡོད། རྩིས་བཤེར་དང་བསྡོམས་རྩིས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཡོད། སྲིད་དོན་ཡོངས་བསྒྲགས་རྒྱུན་མཐུད་ངང་ཟབ་སྤེལ་བྱས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་མོ་སྤེལ་ཡོད། བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱེད་པར་རྒྱབ་སྐྱོར་བྱས་ཡོད།

    སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་བརྒྱབ་པ་དང་གསར་གཏོད་བྱས་ཡོད། གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ། སྡེ་ཁུལ་གྱི་ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱས་ཡོད། སྤྱི་ཚོགས་རྩ་འཛུགས་དང་། མི་ཆོས་རོགས་སྐྱོབ། སྤྱི་ཚོགས་ལས་དོན། དང་བླངས་ཞབས་ཞུ། སྤྱི་ཕན་དགེ་སྒྲུབ་སོགས་སྐྱོན་བྲལ་ངང་གོང་དུ་འཕེལ་བར་རྒྱབ་སྐྱོར་བྱས་ཡོད། གསོག་ལུས་ཐེབས་པའི་ཡིག་བསྐུར་ངོ་བཅར་གྱི་གྱོད་དོན་འདུམ་གཅོད་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ཡོད། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ཡོད། ཟས་རིགས་སྨན་རྫས་དང་ལྷག་པར་དུ་འགོག་སྨན་ལ་ལྟ་སྐུལ་དོ་དམ་ནན་པོ་བྱས་ཡོད། བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དམིགས་བཅོས་སྒྲིག་བྱས་ཡོད། འཕྲལ་བསྟུན་དོ་དམ་སྒྱུར་བཅོས་དང་དེར་ཤུགས་བརྒྱབ་པ་དང་། གནོད་འགོག་གེགས་སེལ་དང་རྒུད་སྐྱོབ་ཀྱི་འཇོན་ཐང་ཆེ་རུ་བཏང་ཞིང་། ཆུ་ལོག་དང་ཞོད་སྐྱོན་དང་། ཐན་སྐྱོན། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན། ས་གཤིས་ཀྱི་གནོད་སྐྱོན། ས་ཡོམ་སོགས་འགོག་སྲུང་དང་གནམ་གཤིས་ཀྱི་ཞབས་ཞུ་ལེགས་པར་བསྒྲུབས། རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་། དྲ་རྒྱ་དང་། གཞི་གྲངས་བདེ་འཇགས། མི་སྒེར་གྱི་ཆ་འཕྲིན་བཅས་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་རྒྱུན་མཐུད་ངང་ཤུགས་བརྒྱབ་ནས་ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་བ་དང་། ནག་སེལ་ངན་འཇོམས་ཀྱི་ཆེད་དམིཌ་འཐབ་རྩོད་སྤེལ་བ་དང་། ནག་ཚོཌ་སྟོབས་ཤུགས་དང་དེའི“སྲུང་གདུགས”ལ་ཁྲིམས་ལྟར་ཉེས་ཆད་ནན་པོ་བཅད་པས། དུས་བདེའི་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ་བྱུང་ཡོད།

    འཐུས་མི་རྣམ་པ།

    ལོ་ལྔའི་རིང་ལ། སྲིད་གཞུང་རིམ་པ་ཁག་གིས་ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཤིང་། “ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཏང་གི་ལོ་རྒྱུས་སྐོར་གྱི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་དང་། “སྤྱོད་ཚུལ་བཞི”ཡོ་བསྲང་དང་བཅོས་སྐྱོང་རྒྱུན་འཁྱོངས་ལྷོད་མེད་བྱས་པ། གཙོ་བོ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་དང་བཅོས་སྐྱོང་བྱས་ཤིང་། “གཞུང་གསུམ”གྲོན་དངུལ་ཉུང་དུ་ཆེས་ཆེར་བཏང་བ། སྒྲིག་སྲོལ་ལས་འགལ་ཏེ་ཁང་ཆེན་ཚོམས་ཆེན་འཛུགས་སྐྲུན་དང་ཁྲལ་སྐུང་ཁྲལ་གཡོལ་སོགས་ཀྱི་བྱ་སྤྱོད་ལ་ཉེས་ཆད་ནན་པོ་བཅད་པ། སྤྱོད་གཙང་གི་སྲིད་གཞུང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ། སྲིད་གཞུང་གི་ལས་བྱེད་མི་སྣས་བཅའ་ཁྲིམས་ཀྱི་ལྟ་སྐུལ་དང་། ལྟ་ཞིབ་ཀྱི་ལྟ་སྐུལ། མི་དམངས་ཀྱི་ལྟ་སྐུལ་བཅས་རང་འགུལ་ངང་དང་ལེན་བྱས་ཡོད།

    དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་དངོས་སྒྲུབ་གཙོ་བོར་བྱེད་པ་ལས་མགྱོགས་ལམ་གཞན་མེད། ལོ་ལྔའི་རིང་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཆེན་མོ་བཅས་ལག་ལེན་མཐར་ཕྱིན་བསྟར་ཡོད། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། དཀའ་ངལ་ལ་མི་སྐྲག་པ་དང་དཀའ་ཚེགས་ལ་མི་འཛེམས་པར་དངོས་སྒྲུབ་ལ་བརྟེན་ནས་དམ་བཅའ་ལག་ལེན་བསྟར་བ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་དམ་འཛིན་བྱེད་པའི་བླང་བྱ་བཏོན་ཡོད། དམངས་ཀྱི་འདོད་ཕྱོགས་དེ་སྲིད་སྐྱོང་གི་ཁ་ཕྱོགས་སུ་བཟུང་ཞིང་། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གོ་གནས་མཐོ་ཤོས་སུ་བཞག་པ་དང་། མི་དམངས་ཀྱི་ཁེ་ཕན་ཀུན་ལས་གཙོ་བོར་བཟུང་བ། མང་ཚོགས་ཀྱི་འབོད་སྒྲར་ཞིབ་ཏུ་ཉན་པ། མང་ཚོགས་ཀྱི་བདེ་སྡུག་མཐིལ་རྟོགས་བྱས་པ། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་བཞིའི་གནད་དོན་ལ་ཤུགས་བརྒྱབ་ནས་ཐག་གཅོད་བྱས་པ། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་དང་། ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ། སྟོང་བཤད་འུད་སྒྲོག་དང་། ཕྱི་ཚུལ་གྱི་བྱ་བ་སྒྲུབ་པ། ཕྱི་ཚུལ་གྱི་ལས་གྲྭ་སྒྲུབ་པ། ཐ་ན་རྨོངས་ཚོད་ཡ་ཡུག་བྱེད་པ་བཅས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ། སྒྱུར་བཅོས་ཀྱི་བྱེད་ཐབས་དང་སྙིང་རུས་ལྷོད་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དཀའ་གནད་སེལ་བ་དང་གསོན་ཤུགས་རྒྱས་པར་བྱས་པ། འཁུར་ལེན་ཕོད་པར་སྐུལ་ལྕག་བཏང་བ་དང་། སྲིད་དོན་ལ་འདོ་མེད་དང་སྒྱིད་ལུག་བྱེད་མཁན་ཚོར་འགན་འཁྲི་རྩད་གཅོད་བྱས་པ། མི་དམངས་མང་ཚོགས་ཀྱི་ཐོག་མའི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱས་ཤིང་། ཕྱོགས་གང་ཅིའི་ཐད་ཀྱི་བརྩོན་སེམས་སྐུལ་སློང་གང་ལེགས་བྱས་པ་མ་ཟད། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱས་ཡོད།

    འཐུས་མི་རྣམ་པ།

    འདས་ཟིན་པའི་ལོ་ལྔའི་རིང་། མི་རིགས་དང་། ཆོས་ལུགས། ཕྱིར་སྡོད་རང་མི་སོགས་ཀྱི་ལས་དོན་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་ཡོད། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་བཏང་བས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་རྣམ་པ་གསར་པ་ཐོན་ཡོད། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་ཞིང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་རིམ་བཞིན་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་ཡོད། ཕྱིར་སྡོད་རང་མིའི་ལས་དོན་རྒྱུན་མཐུད་ངང་ལེགས་པར་བསྒྲུབས་པ་དང་། ཕྱིར་སྡོད་རང་མི་མེས་རྒྱལ་དེང་རབས་ཅན་གྱི་འཛུགས་སྐྲུན་ནང་ཞུགས་པའི་ཐུན་མོང་མ་ཡིན་པའི་དགེ་མཚན་དང་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཡོད།

    ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་པ་གལ་ཆེན་རབ་དང་རིམ་པ་ཐོབ་པ་དང་འཕོ་འགྱུར་གལ་ཆེན་རབ་དང་རིམ་པ་བྱུང་ཡོད། མི་དམངས་དམག་དཔུང་གིས་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། དམག་སྦྱོང་དམག་གྲབས་ལ་སྐུལ་འདེད་གཏིང་ཟབ་བཏང་བས་དེང་རབས་ཅན་གྱི་ཆུ་ཚད་དང་དངོས་འཐབ་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། བློ་བརྟན་འགྱུར་མེད་དང་བབ་བསྟུན་གྱིས་དམག་དོན་འཐབ་རྩོད་སྤེལ་བ་དང་། མཐའ་སྲུང་འཐབ་རྩོད་དང་། མཚོ་ཐོག་དབང་སྲུང་། འཇིགས་རྒོལ་བརླིང་སྐྱོང་། ཉེན་སེལ་གུད་སྐྱོབ། རིམས་ནད་འགོག་རྒོལ། ཞི་བདེ་སྲུང་སྐྱོང་དང་མཚོ་འགྲུལ་སྲུང་སྐྱེལ་སོགས་ཀྱི་ལས་འགན་གལ་ཆེན་གྲུབ་འབྲས་དང་ལྡན་པར་བསྒྲུབས་པ་དང་། རྒྱལ་སྲུང་སྐུལ་སློང་ནུས་ཤུགས་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་ནུས་ལྡན་བྱས་ཡོད།

    ཀང་ཨའོ་ཐའེ་གསུམ་གྱི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་སྟེ་དམིགས་བསལ་སྲིད་འཛིན་ཁུལ་ལ་ཕྱོགས་ཡོངས་ནས་དོ་དམ་དང་བཅོས་སྐྱོང་བྱེད་པའི་དབང་ཆ་ཕན་ནུས་ལྡན་པའི་སྒོ་ནས་ལག་བསྟར་བྱས་པ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བཅའ་ཁྲིམས་གཏན་འབེབས་དང་ལག་བསྟར་བྱས་ཤིང་། “རྒྱལ་གཅེས་པས་ཤང་ཀང་སྐྱོང་བ”དང་། “རྒྱལ་གཅེས་པས་ཨའོ་མོན་སྐྱོང་བ”ཡི་རྩ་དོན་དོན་འཁྱོལ་བྱས་པ་དང་། ཤང་ཀང་ཟིང་ལོང་ནས་བཅོས་སྐྱོང་དང་བཅོས་སྐྱོང་ནས་དར་རྒྱས་སུ་འགྲོ་བའི་དུས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་ཡོད། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཤང་ཀང་དང་ཨའོ་མོན་གྱིས་དཔལ་འབྱོར་གོང་སྤེལ་དང་། དམངས་འཚོ་ལེགས་བཅོས། རིམས་ནད་སྔོན་འགོག་དང་ཚོད་འཛིན། བརྟན་བརླིང་མཐའ་འཁྱོངས་བཅས་བྱེད་པར་རྒྱབ་སྐྱོར་བྱས་ཡོད། དུས་རབས་གསར་པའི་ཏང་གི་ཐའེ་དབན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་ཆེན་མོ་ལག་ལེན་མཐར་ཕྱིན་བསྟར་ཞིང་། ཁ་ཕྲལ་ལ་ངོ་རྒོལ་དང་ཐེ་ཇུས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གལ་ཆེན་མཐའ་གཅིག་ཏུ་སྤེལ་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད།

    ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྒྱལ་ཁབ་མང་པོར་འཚམས་འདྲིར་ཕེབས་པ་དང་། དྲ་ཐོག་དང་དྲ་ཕྱི་བརྒྱུད་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་75འཁོར་བའི་རིམ་པ་མཐོ་བའི་ཚོགས་འདུ་རབ་དང་རིམ་པ། ཨེ་ཤེ་ཡ་ཤར་མའི་མཉམ་ལས་འགོ་ཁྲིད་པའི་ཚོགས་འདུ་རབ་དང་རིམ་པ། ཀྲུང་གོ་དང་ཡོ་རོབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་སོགས་ཕྱི་འབྲེལ་བྱེད་སྒོ་གལ་ཆེན་རབ་དང་རིམ་པར་ཞུགས་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཆིང་ཏའོ་དབུ་ཚོགས་དང་། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་མོལ་ཚོགས་འདུ། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་སོགས་ཚོགས་ར་གཙོ་བོའི་ཕྱི་འབྲེལ་བྱེད་སྒོ་གལ་ཆེན་མང་པོ་བདེ་བླག་ངང་སྤེལ་ཡོད། འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པ་རྒྱུན་འཁྱོངས་བྱས་ཏེ། རང་རྒྱལ་གྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད། གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་རྒྱ་ཆེར་ཧུར་ཐག་བཏང་བ་དང་། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་ཤུགས་བརྒྱབ་པ་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱས་ཤིང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་པར་སྐུལ་འདེད་བཏང་ཡོད། ཀྲུང་གོ་ནི་འགན་འཁུར་བའི་རྒྱལ་ཁབ་ཆེན་པོ་ཡིན་པའི་ཆ་ནས། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཡོད།

    འཐུས་མི་རྣམ་པ།

    ལོ་འདི་དག་རིང་རང་རྒྱལ་གྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གནང་བའི་འབྲས་བུ་ཡིན་ལ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡང་ཡིན། ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། དམངས་གཙོའི་ཏང་ཤོག་ཁག མི་དམངས་ཚོགས་པ་ཁག ལས་རིགས་ཁག་གི་མི་སྣ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིཌ་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་དབན་བ། ཕྱིར་སྡོད་སྤུན་ཟླ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། རྒྱལ་སྤྱིའི་རྩ་འཛུགས། རྒྱལ་ཁབ་ཁག་གི་གྲོགས་པོ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    འཕེལ་རྒྱས་ཀྱི་གྲུབ་འབྲས་མཐོང་བའི་དུས་མཚུངས་སུ། ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་ཤེས་རྟོགས་བྱུང་བ་ནི། རང་རྒྱལ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཞིང་། སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པ་དང་། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད། མིག་སྔར་འཕེལ་རྒྱས་ལ་དཀའ་ངལ་དང་འགྲན་སློང་མང་པོ་འཕྲད་ཡོད། ཕྱི་རོལ་ཁོར་ཡུག་གི་ངེས་གཏན་མེད་པའི་རང་བཞིན་ཆེ་རུ་ཕྱིན་པ་དང་། གོ་ལ་ཧྲིལ་པོའི་དངུལ་ལོར་འགྲེམས་ཐལ་ཤོར་ཚུལ་སྔར་བཞིན་ཚད་མཐོན་པོར་གནས་ཡོད། འཛམ་གླིང་གི་དཔལ་འབྱོར་དང་ཉོ་ཚོང་འཕར་སྣོན་ཡོང་བའི་སྒུལ་ནུས་ཇེ་ཞན་དུ་གྱུར་ཡོད། ཕྱི་ཕྱོགས་ནས་བཙན་གནོན་དང་བཀག་སྡོམ་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་སོང་ཡོད། རྒྱལ་ནང་གི་དཔལ་འབྱོར་འཕར་སྣོན་བརྟན་པོ་དང་ཡར་རྒྱས་ཡོང་བའི་རྨང་གཞི་ད་དུང་སྲ་བརྟན་དུ་གཏོང་དགོས། དགོས་མཁོ་མི་འདང་བ་ནི་སྔར་བཞིན་མངོན་གསལ་དོད་པའི་འགལ་བ་ཡིན་ཞིང་། དམངས་ཁྲོད་ཀྱི་མ་དངུལ་འཇོག་པ་དང་དམངས་གཉེར་ཁེ་ལས་ཀྱི་སྔོན་དཔག་བརྟན་པོ་མེད། ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་ཁེར་གཉེར་བཟོ་ཚོང་ཐེམ་དུད་མི་ཉུང་བ་ལ་དཀའ་ངལ་ཅུང་ཆེན་པོ་ཡོད་པ་དང་། ལས་ཞུགས་བརྟན་པོ་ཡོང་བའི་ལས་འགན་དཀའ་ཚེགས་ཆེ་ཞིང་། གཞི་རིམ་ནོར་སྲིད་ཁ་ཤས་ལ་གཏོང་ཡོང་གི་འགལ་བ་ཅུང་ཆེན་པོ་འདུག ས་ཁང་ཐོན་ལས་ཁྲོམ་རའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཅུང་མང་བ་དང་། དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་ཁ་ཤས་ཀྱི་ཉེན་ཁ་ཕྱིར་མངོན་ཡོད། འཕེལ་རྒྱས་ཀྱི་ཐད་ལ་སྔར་བཞིན་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་མི་ཉུང་བ་གནས་ཡོད། ཚན་རྩལ་གསར་གཏོད་ནུས་པ་ད་དུང་ཆེན་པོ་མི་འདུག སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་ལྕི་ལ་དུས་ཡུན་རིང་ངེས་རེད། གནོད་འགོག་གནོད་སེལ་སོགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་སྔར་བཞིན་ལྷུ་ཚིགས་ཞན་ས་མངོན་གསལ་ཡོད། དམངས་འཚོའི་ཁྱབ་ཁོངས་འགའ་ཤས་ལ་ཆད་སྐྱོན་མི་ཉུང་བ་གནས་ཡོད། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་སྔར་བཞིན་མངོན་གསལ་དོད་ཙམ་ཡོད་པ་དང་། ས་གནས་ཁ་ཤས་ཀྱི་སྲིད་ཇུས་ཀྱིས“གཅིག་དཔེ་བརྒྱ་འགེབས”ལག་བསྟར་བྱེད་པ་དང་། གཅིག་ཐོག་ཉིས་རྩེག་བྱེད་བཞིན་འདུག ལས་བྱེད་པ་ལ་ལས་བྱ་བ་མི་སྒྲུབ་པ་དང་། བྱ་བ་གང་བྱུང་སྒྲུབ་པ། སླ་བཅོས་བྱེད་པ། དོན་དངོས་དང་ཁ་བྲལ་བ། མང་ཚོགས་ཀྱི་འདོད་བློ་དང་འགལ་བ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྣང་མེད་དུ་འཇོག་པ་སོགས་ཀྱི་གནད་དོན་གནས་ཡོད། ཁྱབ་ཁོངས་དང་། ལས་རིགས། ས་གནས་བཅས་ཁ་ཤས་སུ་རུལ་སུངས་ཀྱི་སྣང་ཚུལ་སྐབས་འགར་འབྱུང་བཞིན་ཡོད། མི་དམངས་མང་ཚོགས་ལ་སྲིད་གཞུང་གི་ལས་དོན་ཐད་ད་དུང་བསམ་འཆར་དང་གྲོས་འགོ་ཁ་ཤས་ཡོད་པར་མཐོང་ཆེན་བྱེད་དགོས། གནད་དོན་དང་འགྲན་སློང་ལ་ཐད་ཀར་གདོང་གཏད་ནས་ནུས་ཤུགས་ཡོད་རྒུས་སྲིད་གཞུང་གི་ལས་དོན་ཇེ་ལེགས་སུ་བཏང་སྟེ། མི་དམངས་ཀྱི་མངགས་བཅོལ་ཆེན་པོ་སྟོང་ཟད་དུ་གཏོང་མི་རུང་།

    གཉིས། ད་ལོའི་སྲིད་གཞུང་གི་ལས་དོན་ལ་བཏོན་པའི་གྲོས་འགོ།

    ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་འགོ་རྩོམ་པའི་ལོ་ཡིན། སྲིད་གཞུང་གི་ལས་དོན་ལེགས་པར་སྒྲུབ་པར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བཟུང་ནས། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལྟར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། ཆ་ཚང་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་སྔར་ལས་ལེགས་པར་གཅིག་གྱུར་འཆར་འགོད་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་ལེགས་པར་གཅིག་གྱུར་འཆར་འགོད། འཕེལ་རྒྱས་དང་བདེ་འཇགས་སྔར་ལས་ལེགས་པར་གཅིག་གྱུར་འཆར་འགོད་བཅས་བྱེད་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ་དང་ཁྲོམ་རའི་ཡིད་ཆེས་ཆེ་རུ་གཏོང་དགོས། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཚགས་བྱས་ཏེ། འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ་བཅས་ཀྱི་ལས་ཀ་དམིགས་སུ་བཀར་ནས་ལེགས་པར་སྒྲུབ་དགོས། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱས་ཏེ་དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་ནས་ལེགས་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། སྤུས་ཚད་ཇེ་མཐོར་ནུས་ལྡན་ཡོང་བ་དང་གྲངས་འབོར་འཕར་སྣོན་ལུགས་མཐུན་ཡོང་བར་བྱེད་པ་དང་། དམངས་འཚོ་མུ་མཐུད་ལེགས་བཅོས་བྱེད་དགོས། སྤྱི་ཚོགས་སྤྱི་ཡོངས་བརྟན་བརླིང་ཡོང་བ་མཐའ་འཁྱོངས་བྱས་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འགོ་ཡག་པོ་རྩོམ་པ་དང་གོམ་སྟབས་ཡག་པོ་སྤོ་དགོས།

    ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་5%ཡས་མས་འཕར་བར་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་1200ཡས་མས་གསར་དུ་འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ཀྱི་ལས་ཀ་ཤོར་ཚད་5.5%ཡས་མས་ཟིན་པར་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ཡས་མས་སུ་འཛིན་རྒྱུ། གྲོང་མིའི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་གཅིག་མཚུངས་བྱ་རྒྱུ། ཕྱིར་གཏོང་ནང་འདྲེན་བརྟན་སྐུལ་སྤུས་འདེགས་དང་རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བར་བྱ་རྒྱུ། འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་མཐའ་འཁྱོངས་བྱ་རྒྱུ། རྩིས་གཞི་རེའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་དང་སྦགས་བཙོག་དངོས་རིགས་གཙོ་བོ་འབུད་ཚད་མུ་མཐུད་ཆག་པ་དང་། འགྱུར་རྡོའི་ནུས་ཁུངས་འཛད་སྤྱོད་གཙོ་གནད་དུ་ཚོད་འཛིན་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་པོའི་ངང་ལེགས་བཅོས་བྱ་རྒྱུ།

    བརྟན་པོ་གཙོ་བོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་གནས་དང་། ངེས་གཏན་མེད་ཅིང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་ཕྱིན་པར་དམིགས་ཏེ། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་། བརྟན་བརླིང་རང་བཞིན། དམིགས་གཏད་རང་བཞིན་བཅས་མཐའ་འཁྱོངས་བྱེད་དགོས། སྲིད་ཇུས་སྣ་ཚོགས་མཐུན་སྦྱོར་གཞོགས་འདེགས་བྱེད་པར་ཤུགས་རྒྱག་པ་བཅས་བྱས་ནས་མཉམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིལ་ཤུགས་ཆགས་པར་བྱེད་དགོས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལ་ཤུགས་འདོན་ཕྱོད་འདེགས་བྱེད་དགོས། མཚལ་ཡིག་གི་ཚད་3%ལྟར་བཀོད་སྒྲིག་བྱེད་རྩིས་ཡོད། ཁྲལ་རིན་གཟིགས་སྐྱོང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཁྲལ་རིན་གཉིས་གཅོག་དང་། ཁྲལ་སློག་ཁྲལ་འགྱངས་སོགས་ཀྱི་བྱེད་ཐབས་བསྟར་ཡུན་ཇེ་རིང་དུ་གཏོང་དགོས་རིགས་ཇེ་རིང་དུ་གཏོང་བ་དང་། ལེགས་སྒྱུར་བྱེད་དགོས་རིགས་ལེགས་སྒྱུར་བྱེད་དགོས། གཞི་རིམ་གྱི“འགན་སྲུང་གསུམ”གྱི་ལས་དོན་ཡག་པོ་སྒྲུབ་དགོས། གཟབ་བརླིང་བརྟན་གསུམ་གྱི་དངུལ་ལོར་སྲིད་ཇུས་ནི་གནད་འཕིགས་ནུས་ལྡན་ཡིན་དགོས། ཁྱབ་ཆེའི་དངུལ་ལོར་འགྲེམ་གྲངས་དང་སྤྱི་ཚོགས་ཀྱི་མ་དངུལ་སྡུད་པའི་གཞི་ཁྱོན་འཕར་ཚད་དང་མིང་ཐོག་གི་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་ཆ་མཚུངས་ཡོང་བ་མཐའ་འཁྱོངས་བྱེད་དགོས་པ་དང་། དངོས་གཞིའི་དཔལ་འབྱོར་གོང་དུ་འཕེལ་བར་རྒྱབ་སྐྱོར་བྱེད་དགོས། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་དེ་ལུགས་མཐུན་དང་དོ་མཉམ་གྱི་ཆུ་ཚད་ཐོག་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་མཐའ་འཁྱོངས་བྱེད་དགོས། ཐོན་ལས་སྲིད་ཇུས་ནི་འཕེལ་རྒྱས་དང་བདེ་འཇགས་མཉམ་སྤེལ་བྱེད་དགོས། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཐོན་ལས་མུ་ཕྲེང་གི་ལྷུ་ཚིགས་ཞན་སར་ཤུགས་བརྒྱབ་ནས་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས། ཚན་རྩལ་སྲིད་ཇུས་ཀྱིས་རང་ཚུགས་རང་དར་ལ་དམིགས་དགོས་ལ། རྒྱལ་སྤྱིའི་མཉམ་ལས་ཀྱང་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཡོངས་སྟོབས་ཤུགས་གཅིག་སྒྲིལ་གྱི་སྒྲིག་སྲོལ་དཔེ་གསར་འཐུས་སྒོ་ཚང་དུ་གཏོང་བ་དང་། འགག་རྩ་དང་སྲོག་ཤིང་གི་ལག་རྩལ་འགག་སྒྲོལ་ཁྲོད་ཀྱི་སྲིད་གཞུང་གི་རྩ་འཛུགས་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་ལ་རྒྱབ་སྐྱོར་དང་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ཤིང་། ཚན་རྩལ་ཤེས་ལྡན་མི་སྣ་དང་ཚོགས་པ་སྐྱེད་སྲིང་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཚོགས་སྲིད་ཇུས་ཀྱིས་དམངས་འཚོའི་མ་མཐའི་མཚམས་ཐིག་བརྟན་པོ་སྲུང་དགོས། ལས་ཞུགས་དམིགས་བསལ་གྱིས་སྔོན་ལ་འཇོག་པའི་སྲིད་ཇུས་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། གཞོན་ནུ་སྤྱི་དང་ལྷག་པར་དུ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་གཞི་རྩའི་དམངས་འཚོ་འགན་སྲུང་ཏན་ཏིག་བྱེད་དགོས།

    མིག་སྔར་རང་རྒྱལ་གྱི་ཏོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་དེ“རིགས་ཁ་པར་དོ་དམ་ཁ་པ”བྱེད་པའི་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་གྱི་དུས་མཚམས་སུ་སླེབས་ཡོད་པས། རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀར་ཕྱོགས་ཡོངས་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག སྔར་བས་ཚན་རིག་དང་མཐུན་པ་དང་། གནད་འཕིགས། ཕན་ནུས་ཆེ་བ་བཅས་ཀྱི་སྒོ་ནས་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། བདེ་ཐང་འགན་སྲུང་དང་ནད་གཞི་ལྗིད་གྲས་སྔོན་འགོག་བྱ་རྒྱུར་དམིགས་ཏེ། རྒན་རྒོན་དང་། བྱིས་པ། རྨང་གཞིའི་རང་བཞིན་གྱི་ནད་རིགས་བྱུང་བའི་མི་ཚོགས་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་སྲོག་སྐྱོབ་གཙོ་གནད་དུ་བཟུང་སྟེ་ལེགས་པར་སྒྲུབ་དགོས། རིམས་ནད་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ཆུ་ཚད་མཐོར་འདེགས་དང་། འགོག་སྨན་རིམ་འཇུག་རིམ་སྤོར་དང་སྨན་གསར་ཞིབ་བཟོ་བྱེད་པར་སྐུལ་འདེད་གཏོང་དགོས། མང་ཚོགས་ཀྱིས་སྨན་པ་བསྟེན་པ་དང་སྨན་སྤྱོད་པའི་དགོས་མཁོར་འགན་སྲུང་ཏན་ཏིག་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་ཡག་པོ་བྱེད་དགོས།

    ད་ལོ་ནི་སྲིད་གཞུང་གི་སྐབས་བརྗེ་བའི་ལོ་ཡིན་པས་གོང་དུ་སྙན་ཞུ་ཕུལ་བའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ཁྱབ་ཁོངས་མང་པོ་དང་ཕྱོགས་ཁག་གི་ལས་དོན་ལ་ཕྱིན་ཆད་ད་དུང་འབད་བརྩོན་ལྷོད་མེད་བྱེད་དགོས་ཤིང་། གཤམ་དུ་གཙོ་གནད་འགའ་ཤས་མདོར་བསྡུས་ནས་བརྗོད་རྒྱུ་ཡིན།

    (གཅིག) རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་བར་ཤུགས་རྒྱག་དགོས། འཛད་སྤྱོད་སླར་གསོ་དང་རྒྱ་སྐྱེད་གཏོང་རྒྱུ་དེ་དམིགས་བསལ་གྱི་གནས་སུ་འཇོག་དགོས།  ཐབས་ལམ་མང་པོའི་ཐོག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་ཡོང་འབབ་མང་དུ་གཏོང་དགོས། རླངས་འཁོར་སོགས་འཛད་སྤྱོད་ཆེ་གྲས་བརྟན་པོ་བྱེད་པ་དང་། བཟའ་བཏུང་དང་། རིག་གནས། ཡུལ་སྐོར། ལུས་རྩལ་སོགས་འཚོ་བའི་ཞབས་ཞུའི་འཛད་སྤྱོད་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས། སྲིད་གཞུང་གི་དངུལ་འཇོག་དང་སྲིད་ཇུས་ཀྱི་བསྔགས་སྐུལ་གྱིས་སྤྱི་ཚོགས་ཡོངས་ཀྱི་དངུལ་འཇོག་ལ་སྐུལ་ཁྲིད་ནུས་ལྡན་བྱེད་དགོས་པ་དང་། ད་ལོར་ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་སྒོར་དུང་ཕྱུར་ཁྲི་3.8བཀོད་སྒྲིག་བྱེད་རྩིས་ཡོད་ཅིང་། “ལོ་ལྔ་ཚན་བཅུ་བཞི་པའི”ལས་གྲྭ་གལ་ཆེན་ལག་བསྟར་གང་མགྱོགས་བྱེད་རྩིས་ཡོད། གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་སྤེལ་དགོས། ས་ཁོངས་བར་གྱི་དགེ་མཚན་གསབ་རེས་དང་སོ་སོའི་དགེ་མཚན་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། རིམས་ནད་ཀྱི་ཕོག་ཐུག་ཅུང་ཚབས་ཆེན་ཡིན་པའི་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་ཁྲོད་ཀྱི་མ་རྩ་སྔར་ལས་མང་བ་རྒྱལ་ཁབ་ཀྱི་ལས་གྲྭ་གལ་ཆེན་དང་ཆད་སྐྱོན་གསབ་པའི་ལས་གཞི་འཛུགས་སྐྲུན་ནང་ཞུགས་པར་བསྔགས་སྐུལ་དང་འགུག་ཐབས་བྱས་ནས་དམངས་ཁྲོད་ཀྱི་དངུལ་འཇོག་གི་གསོན་ཤུགས་འཕེལ་བར་བྱེད་དགོས།  

    (གཉིས) དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་གང་མགྱོགས་བྱེད་དགོས། ཐོན་ལས་གོང་སྤེལ་ལ་ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཐོན་ལས་ཀྱི་ཕྲེང་སྣོན་ཕྲེང་གསབ་བྱ་སྤྱོད་རྒྱུན་མཐུད་སྤེལ་དགོས། བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཐོན་ལས་མུ་ཕྲེང་ལ་དམིགས་ནས་ཐོན་ཁུངས་སྤུས་ལེགས་གཅིག་སྡུད་ཀྱིས་སྒྲིལ་ཤུགས་བསྐྱེད་དེ་འགག་རྩ་དང་སྲོག་ཤིང་གི་ལག་རྩལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་། གསར་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་གང་ལེགས་བྱེད་དགོས། ནུས་ཁུངས་དང་གཏེར་རྫས་ཐོན་ཁུངས་གལ་ཆེན་རྒྱལ་ནང་དུ་རྩད་ཞིབ་གསར་སྤེལ་དང་གསོག་འཇོག་འཕར་སྣོན་བྱེད་པར་ཤུགས་རྒྱག་པ་དང་། སྲོལ་རྒྱུན་གྱི་ཐོན་ལས་དང་ཁེ་ལས་འབྲིང་ཆུང་གྲངས་ཀ་ཅན་དུ་ཚུལ་སྒྱུར་བྱེད་ཚད་མགྱོགས་སུ་གཏོང་བ་དང་། རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་རྒྱག་དགོས། མདུན་གྲལ་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་ཁྱབ་གདལ་མགྱོགས་སུ་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་ལ་སྐུལ་འདེད་གཏོང་དགོས། ཕན་ནུས་ཆེ་ཞིང་ཐོགས་པ་མེད་པའི་ཟོག་འདྲེན་མ་ལག་འཛུགས་དགོས། གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། ལས་སྟེགས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱེད་དགོས།

    (གསུམ) “གཡོ་འགུལ་སྤུ་ཙམ་མེད་པ་གཉིས”དོན་འཁྱོལ་ཏན་ཏིག་བྱེད་དགོས། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་གཞུང་ཁོངས་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། རིགས་དབྱེ་སྒྱུར་བཅོས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། གཞུང་ཁོངས་ཁེ་ལས་ཀྱི་དཔལ་འབྱོར་འགན་འཁྲི་དང་སྤྱི་ཚོགས་འགན་འཁྲིའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་གཞུང་ཁོངས་ཁེ་ལས་ཀྱི་དེང་རབས་ཀུང་སི་བཅོས་སྐྱོང་འཐུས་ཚང་དུ་གཏོང་དགོས། དམངས་གཉེར་ཁེ་ལས་ཀྱི་ཐོན་དབང་དང་ཁེ་ལས་པའི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ་དང་། འབྲེལ་ཡོད་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། དམངས་གཉེར་དཔལ་འབྱོར་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱེད་པ་དང་། ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་ཁེར་གཉེར་བཟོ་ཚོང་ཐེམ་དུད་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། མཛའ་མཐུན་ལྷད་མེད་ཀྱི་སྲིད་ཚོང་འབྲེལ་བ་འཛུགས་པ་དང་། དབང་བའི་ལམ་ལུགས་མི་འདྲ་བ་ཁག་གི་ཁེ་ལས་ལ་འགྲན་རྩོད་དྲང་གཞག་དང་འཕེལ་རྒྱས་ཡར་འགྲན་བྱེད་པའི་ཁོར་ཡུག་བསྐྲུན་ཏེ། བྱེད་ཐབས་དངོས་ཀྱི་ཐོག་ནས་ཚོང་རའི་སྔོན་དཔག་གཏན་འཇགས་སུ་གཏོང་བ་དང་ཚོང་རའི་ཡིད་ཆེས་ཆེ་རུ་གཏོང་དགོས།

    (བཞི) ཕྱི་རྒྱལ་གྱི་མ་དངུལ་འགུག་ཐབས་དང་བཀོལ་སྤྱོད་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས། ཚོང་རར་ཞུགས་རྒྱ་ཆེ་རུ་གཏོང་བ་དང་། དེང་རབས་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་སྒོ་འབྱེད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་ཀྱི་རྒྱལ་དམངས་ཐོབ་ཐང་དོན་འཁྱོལ་ཡག་པོ་བྱེད་དགོས། ཕྱོགས་ཡོངས་དང་ཡར་ཐོན་གྱི་ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི་རོགས་ཟླའི་འབྲེལ་བའི་གྲོས་མཐུན་(CPTPP)སོགས་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་གི་གྲོས་མཐུན་ལ་ཞུགས་པར་སྐུལ་འདེད་ཧུར་ཐག་བཏང་ནས། འབྲེལ་ཡོད་སྒྲིག་སྲོལ་དང་། སྲོལ་ལུགས། དོ་དམ། ཚད་གཞི་སོགས་ལ་རང་འགུལ་གྱིས་ཚད་བསྡུར་བྱེད་པ་དང་། ལམ་ལུགས་ཅན་གྱི་སྒོ་མོ་འབྱེད་རྒྱ་བརྟན་པོའི་ངང་ཆེ་རུ་གཏོང་དགོས། ས་ཁོངས་སྒོ་འབྱེད་ཀྱི་བཀོད་པ་ལེགས་སྒྱུར་བྱས་ཏེ། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་མཐོར་འདེགས་འཐབ་ཇུས་ལག་བསྟར་བྱེད་པ་དང་། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དང་གསར་སྤེལ་ཁུལ་སྣ་ཚོགས་སོགས་སྒོ་འབྱེད་ལས་སྟེགས་ཀྱིས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཕྱིར་གཏོང་ནང་འདྲེན་གྱིས་དཔལ་འབྱོར་ལ་འདེགས་སྐྱོར་བྱེད་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་དགོས། ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་ལ་ཞབས་ཞུའི་ལས་ཀ་ཡག་པོ་སྒྲུབ་པ་དང་། ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་མཚོན་བྱེད་རང་བཞིན་གྱི་ལས་གཞི་དོན་ཐོག་ཏུ་འཁྱོལ་ནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། སྒོ་འབྱེད་ཀྱི་ཀྲུང་གོའི་ཁྲོམ་ར་ཆེན་པོས་རྒྱལ་ཁབ་ཁག་གི་ཁེ་ལས་ཀྲུང་གོ་རུ་འཕེལ་རྒྱས་འགྲོ་བར་གོ་སྐབས་དེ་བས་མང་བ་འདོན་སྤྲོད་བྱེད་ངེས།

    (ལྔ) དཔལ་འབྱོར་དང་དངུལ་རྩའི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱེད་དགོས། དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་དང་། དངུལ་རྩའི་ལྟ་སྐུལ་དོ་དམ་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་སོ་སོའི་འགན་འཁྲི་ནན་དཀྲི་བཅས་བྱས་ཏེ། ས་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་ཆགས་པར་བཀག་འགོག་བྱེད་དགོས། སྤུས་ལེགས་མགོ་སྣེ་ས་ཁང་ཁེ་ལས་ཀྱི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱེད་པ་དང་། མ་རྩའི་བུ་ལོན་ཟུག་པའི་གནས་ཚུལ་ལེགས་བཅོས་བྱས་ཏེ། སྒྲིག་མེད་རྒྱ་སྐྱེད་གཏོང་བ་བཀག་འགོག་བྱེད་དགོས། ས་ཁང་ཐོན་ལས་བརྟན་པོའི་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱེད་པ་དང་། བུ་ལོན་འཁུར་ཡུན་གྱི་གྲུབ་ཚུལ་ལེགས་སྒྱུར་བྱེད་དགོས། སྐྱེད་ཀའི་ཁུར་པོ་ཡང་དུ་གཏོང་བ་དང་། འཕར་འབོར་བཀག་འགོག་དང་བསགས་འབོར་སེལ་དགོས།

    (དྲུག) འབྲུ་རིགས་ཐོན་སྐྱེད་བརྟན་པོར་གཏོང་བ་དང་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་ལས་དེང་རབས་ཅན་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། འབྲུ་རིགས་འདེབས་ཁྱོན་བརྟན་པོར་གཏོང་བ་དང་། སྣུམ་རྒྱུ་ཐོན་སྐྱེད་དམ་འཛིན་ཡག་པོ་བྱེད་པ། རེས་སྐོར་གསར་པའི་འབྲུ་རིགས་རྒྱ་མ་དུང་ཕྱུར་སྟོང་ཕྲག་གི་ཐོན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་བཅས་བྱེད་དགོས། ཞིང་ལས་རྒྱུ་ཆས་སྤྲོད་སྲུང་གོང་བརྟན་ངང་ཁ་གཏད་འཇལ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། རྨོ་ཞིང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། རྨོ་ཞིང་གི་ཆུ་བེད་དང་ཚད་གཞི་མཐོ་བའི་རྨོ་ཞིང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། སོན་ལས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་དགོས། ཞིང་ལས་ཚན་རྩལ་དང་སྒྲིག་ཆས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། འབྲུ་རིགས་འདེབས་མཁན་ཞིང་པའི་ཡོང་འབབ་འགན་སྲུང་ལམ་སྲོལ་དང་གཙོ་ཐོན་ཁུལ་གྱི་ཁེ་ཕན་ཁ་གསབ་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ཟས་རིགས་ཆེན་པོའི་ལྟ་བ་འཆང་ནས་སྣ་མང་ཅན་གྱི་ཟས་རིགས་འདོན་སྤྲོད་མ་ལག་འཛུགས་དགོས། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གཞི་ཁྱོན་རང་བཞིན་གྱི་དབུལ་ཕོངས་བསྐྱར་ལོག་འབྱུང་བར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་སྐུལ་འདེད་གཏོང་དགོས། ས་ཞིང་འགན་གཙང་ལེན་པའི་དུས་ཡུན་སླར་ཡང་ལོ་30ཇེ་རིང་དུ་གཏོང་བའི་སྐོར་གྱི་རྒྱལ་ཁབ་ཀྱི་སྲིད་ཇུས་དེ། ངེས་པར་དུ་ལས་ཀ་ཞིབ་ཚགས་ལ་བརྟེན་ནས་དོན་འཁྱོལ་ཏན་ཏིག་བྱེད་དགོས།

    (བདུན) འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཚུལ་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཁོར་ཡུག་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། འབབ་རྒྱུད་དུ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོབ་དང་ཉམས་གསོའི་ལས་གྲྭ་གལ་ཆེན་རྒྱུན་མཐུད་ངང་ལག་བསྟར་བཅས་བྱེད་དགོས། ནུས་རྒྱུ་གཙང་མ་དང་ལས་ཆོད་ཆེན་པོའི་སྒོ་ནས་བེད་སྤྱོད་དང་ལག་རྩལ་ཞིབ་འཇུག་གསར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། ནུས་རྒྱུ་གསར་པའི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་ཟིན་ཚད་མཐོར་འདེགས་གཏོང་དགོས། ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་དངུལ་རྩའི་ཡོ་བྱད་འཐུས་སྒོ་ཚང་དུ་གཏོང་བ་དང་། རེས་འཁོར་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས། ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ནུས་སྲི་ཐཱན་གཅོག་སྦགས་འཕྲི་བཅས་ལ་སྐུལ་འདེད་བཏང་ནས་གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་སྲུང་སྐྱོབ་བྱེད་པའི་དམག་འཐབ་རྒྱུན་མཐུད་ངང་ཡག་པོ་རྒྱག་དགོས།

    (བརྒྱད) གཞི་རྩའི་དམངས་འཚོ་འགན་སྲུང་དང་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་དགོས། སྡོད་ཁང་འགན་སྲུང་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ལྡོག་མེད་རང་བཞིན་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོར་རྒྱབ་སྐྱོར་བྱས་ཏེ། གྲོང་མི་གསར་པ་དང་ན་གཞོན་སོགས་ཀྱི་སྡོད་ཁང་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། གཞིས་ཁུལ་རྙིང་པ་དང་སྡོད་ཁང་ཉེན་ཅན་སྒྱུར་བཀོད་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། འོས་འགན་སློབ་གསོ་སྤུས་ལེགས་དོ་མཉམ་ངང་འཕེལ་རྒྱས་འགྲོ་བ་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། སློབ་སྔོན་སློབ་གསོ་དང་དམིགས་བསལ་སློབ་གསོ་ཀུན་ཕན་གོང་སྤེལ་ཡོང་བར་སྐུལ་འདེད་གཏོང་བ། ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། མཐོ་རིམ་སློབ་གསོ་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་མཐོ་སློབ་གོང་འཕེལ་ཡོང་བར་རྒྱབ་སྐྱོར་བྱས་ཏེ། ལུས་རྩལ་དང་སློབ་གསོ་མཉམ་འདྲེས་ཡོང་བ་ཟབ་སྤེལ་བྱེད་དགོས། གསོ་རིག་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། སྨན་བཅོས་འགན་བཅོལ་དང་། སྨན་བཅོས། གསོ་རིག་སྨན་རྫས་བཅས་མཐུན་སྦྱོར་ངང་གོང་འཕེལ་དང་བཅོས་སྐྱོང་ཡོང་བར་སྐུལ་འདེད་གཏོང་དགོས། སྨན་བཅོས་ཐོན་ཁུངས་སྤུས་ལེགས་ཤོང་སྐྱེད་གཤམ་སྤོ་དང་ས་ཁོངས་བཀོད་སྒྲིག་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་དར་རྒྱས་གོང་འཕེལ་གཏོང་བའི་ལས་གྲྭ་གལ་ཆེན་ལག་བསྟར་བྱེད་དགོས། སེམས་ཁམས་བདེ་ཐང་དང་སེམས་ཁམས་འཕྲོད་བསྟེན་ལ་མཐོང་ཆེན་བྱེད་དགོས། མི་འབོར་རྒན་རྒོན་ཅན་ལ་ཁ་གཏད་ཧུར་ཐག་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་དགོས། རྒན་གསོའི་ཞབས་ཞུ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བུ་བཙའ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས། བུད་མེད་དང་། བྱིས་པ། རྒན་རྒོན། དབང་པོ་སྐྱོན་ཅན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། དམག་མི་དང་། དམག་མིའི་ནང་མི། དམག་ཞབས་ཐིམ་པའི་དམག་མི། གཟིགས་སྐྱོང་བྱ་ཡུལ་གཞན་དག་བཅས་ལ་གཟིགས་སྐྱོང་གོད་གསབ་ཀྱི་ལས་ཀ་ལེགས་པར་སྒྲུབ་དགོས། རིག་གནས་བྱ་གཞག་དང་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་དགོས། ཉེན་མེད་ཐོན་སྐྱེད་ལ་ལྟ་སྐུལ་དོ་དམ་དང་གནོད་འགོག་གེགས་སེལ་རྒུད་སྐྱོབ་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཏེ་ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས།

    སྲིད་གཞུང་གི་རང་ངོས་འཛུགས་སྐྲུན་བྱེད་ཤུགས་རིམ་གྱིས་ཆེ་རུ་བཏང་སྟེ། རྒྱུན་མཐུད་དུ་སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་། སྒྲིག་གཞི་སྒྱུར་བཅོས་ལེགས་སུ་གཏོང་བ། ཁྲིམས་སྐྱོང་གི་སྲིད་གཞུང་དང་། གསར་གཏོད་ཀྱི་སྲིད་གཞུང་། སྤྱོད་གཙང་གི་སྲིད་གཞུང་། ཞབས་ཞུ་ཅན་གྱི་སྲིད་གཞུང་བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཤིང་། དངོས་དོན་སྒྲུབ་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་པའི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་ནས་སྲིད་འཛིན་ལས་ཆོད་དང་སྤྱི་པའི་ཡིད་རྟོན་ཐོབ་ནུས་མཐོར་འདེགས་གཏོང་དགོས།

    འཐུས་མི་རྣམ་པ།

    ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་ཐིག་ཏུ་བཟུང་སྟེ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་རིགས་ཁག་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བཅས་བྱེད་དགོས། ཕྱིར་སྡོད་རང་མིའི་ལས་དོན་ལ་ཤུགས་རྒྱག་པ་དང་ལེགས་བཅོས་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གིས་བློ་སེམས་གཅིག་མཐུན་གྱིས་འབད་འཐབ་དང་། འོད་སྟོང་འབར་བའི་བྱ་གཞག་མཉམ་དུ་གཏོད་པའི་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱེད་དགོས།

    ང་ཚོས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་དགོས། དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ཏེ། འཐབ་རྩོད་དང་། དམག་གྲབས། འཛུགས་སྐྲུན་བཅས་བྱེད་ཞོར་དུ་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་ཁག་ལེགས་འགྲུབ་ཡག་པོ་བྱེད་དགོས། དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་རྒྱག་པ་དང་། དམག་དོན་འཐབ་ཇུས་ཀྱི་མཛུབ་སྟོན་གསར་གཏོད་བྱེད་དགོས། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་དམ་འཛིན་ཤུགས་ཆེན་བྱེད་པ་དང་། ཕྱོགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་དམག་དོན་འཐབ་རྩོད་གཅིག་འདོམས་ཀྱིས་དམ་འཛིན་ཡག་པོ་བྱེད་དགོས། ཕྱོགས་ཡོངས་ནས་དམག་དོན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་བྱས་པའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་དགོས། ལས་འགན་གལ་ཆེན་འཐབ་འཛུགས་གྲབས་གསུམ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྲུང་འཕེལ་རྒྱས་ཀྱི་ལས་གྲྭ་གལ་ཆེན་ལག་བསྟར་གང་མགྱོགས་བྱེད་དགོས། གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་ཀྱི་མ་ལག་དང་ནུས་པ་སྲ་བརྟན་དང་མཐོར་འདེགས་གཏོང་བ་དང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཀྱི་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་ཟབ་སྤེལ་བཏང་སྟེ། སྲིད་གཞུང་རིམ་པ་ཁག་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། “གཉིས་བཀུར”གྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དམག་སྲིད་དམག་དམངས་མཐུན་སྒྲིལ་གྱི་ལེའུ་གསར་པ་རྩོམ་དགོས།

    ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ”“ཨའོ་མོན་བས་ཨའོ་མོན་སྐྱོང་བ”ཚད་མཐོའི་རང་སྐྱོང་བྱེད་པ་བཅས་ཀྱི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་ཆ་ཚང་ཞིང་གནད་ལ་འཁེལ་བ་བྱེད་དགོས་ཤིང་། ཁྲིམས་ལྟར་ཤང་ཀང་དང་ཨའོ་མོན་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་ཅན་གྱི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས་ལ། “རྒྱལ་གཅེས་པས་ཤང་ཀང་སྐྱོང་བ”དང་། “རྒྱལ་གཅེས་པས་ཨའོ་མོན་སྐྱོང་བ”ཡི་རྩ་དོན་དོན་འཁྱོལ་བྱེད་དགོས། ཞང་ཀང་དང་ཨའོ་མོན་གྱིས་དཔལ་འབྱོར་གོང་སྤེལ་དང་དམངས་འཚོ་ལེགས་སྒྱུར་བྱེད་པར་རྒྱབ་སྐྱོར་དང་། ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་བརླིང་ཡོང་བ་མཐའ་འཁྱོངས་བྱེད་དགོས།

    ང་ཚོས་དུས་རབས་གསར་པའི་ཏང་གི་ཐའེ་དབན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་ཆེན་མོ་ལག་ལེན་མཐར་ཕྱིན་བསྟར་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ངོས་འཛིན་གཅིག་མཐུན”རྒྱུན་འཁྱོངས་བྱེད་དགོས། “རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་སྤེལ་གཡོ་མེད་བྱེད་པ་དང་། ངོགས་གཉིས་བར་གྱི་འབྲེལ་བ་ཞི་བའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་། མེས་རྒྱལ་ཞི་བས་གཅིག་གྱུར་ཡོང་བའི་འཕེལ་རིམ་ལ་སྐུལ་སྤེལ་གཏོང་དགོས། ངོགས་གཉིས་ཀྱི་སྤུན་ཟླ་ནི་ཤ་རུས་གདུང་རྒྱུད་གཅིག་ཡིན་པས། ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་དང་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤུན་ཟླ་ཐའེ་དབན་བའི་བདེ་རྩ་ཆེ་རུ་གཏོང་བའི་ལམ་ལུགས་དང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས་ལ། ངོགས་གཉིས་ཀྱིས་མཉམ་དུ་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བ་དང་། བློ་སེམས་གཅིག་མཐུན་གྱིས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་མཉམ་དུ་སྒྲུབ་དགོས།

    ང་ཚོས་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཞི་བའི་གོང་འཕེལ་གྱི་འགྲོ་ལམ་དུ་བློ་བརྟན་འགྱུར་མེད་ཀྱིས་སྐྱོད་དགོས། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་དང་མཛའ་མཐུན་མཉམ་ལས་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་འཛུགས་སྐྲུན་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཁན་བཅས་བྱེད་དགོས། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་དོན་འཁྱོལ་བྱེད་པ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་པར་སྐུལ་འདེད་གཏོང་བ། འཛམ་གླིང་གི་ཞི་བདེ་དང་ས་ཁུལ་གྱི་བརྟན་བརླིང་སྲུང་སྐྱོང་བཅས་བྱེད་འདོད་ཡོད།

    འཐུས་མི་རྣམ་པ།

    འབད་འཐབ་བྱས་ན་གྲུབ་འབྲས་འོད་སྟོང་འབར། དངོས་སྒྲུབ་བྱས་ན་མ་འོངས་རྣམ་པར་རྒྱལ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བཟུང་སྟེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞུན་བརྡར་མདུན་སྐྱོད་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་ཆེད་དང་། རང་རྒྱལ་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།