འབྲུ་རིགས་ཐོན་སྐྱེད་བརྟན་པོ་ཡོང་བར་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ།
ལེ་ཚན་གཏོད་པའི་གཏམ།
2023ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་གྲོས་རིམ་ཁག་ལེགས་གྲུབ་ཟིན་རྗེས་རྒྱལ་ཁའི་ངང་གྲོལ་ཡོད། རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རྒྱུག་མཐུད་ལས་འགན་ཡག་པོ་སྒྲུབ་ཆེད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་དུས་ཚོད་ཆུད་ཟོས་སུ་མི་གཏོང་བ་དང་བྱ་སྤྱོད་ཏན་ཏིག་སྤེལ་ཏེ་དངོས་འཛིན་དངོས་སྒྲུབ་ཀྱི་བྱ་སྤྱོད་ཐོག་ནས་ཚོགས་ཆེན་གྱི་དགོངས་དོན་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་འདོགས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
དེ་རིང་ནས་བཟུང་། འདི་ག་ཚགས་པར་གྱིས“དུས་རབས་གསར་པ་དང་། རྒྱང་ལམ་གསར་པ། བྱ་གཞག་གསར་པ—རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པའི”ལེ་ཚན་བཏོད་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་དང་། བསམ་པའི་ཉམས་འགྱུར། གསོན་ཉམས་དོད་པའི་རྣམ་པ་བཅས་གང་ལེགས་བཀོད་དེ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་གསར་པ་དང་། བྱ་ཐབས་གསར་པ། ཕན་འབྲས་གསར་པ་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ས་མཐོའི་བུ་ཕྲུག་ཚོས་སེམས་ཤུགས་གཅིག་སྒྲིལ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་པའི་གདེང་ཚོད་བརྟན་པོ་དང་ལས་ཀའི་གྲུབ་འབྲས་དངོས་མཚོན་པར་བྱེད་རྒྱུ་ཡིན་པས་དོ་ཁུར་ཡོད་པ་ཞུ།
དཔྱིད་ཀ་ཤར་རྗེས་སོ་ནམ་ལས་དོན་རིམ་གྱིས་སྤེལ་འགོ་ཚུགས་པ་དང་གངས་ལྗོངས་ས་མཐོའི་ཞིང་ནང་དུ་འཕྲུལ་ཆས་ཀྱི་སྒྲ་ལྡིར་ལྡིར་དུ་གྲགས་ཤིང་། སོ་ནམ་པ་ཚོས་བྲེལ་བརྩོན་ཆེན་པོས་སོ་ནམ་དུས་ཚོད་དམ་འཛིན་གྱིས་དཔྱིད་རྨོད་དཔྱིད་གྲབས་ཀྱི་ལས་ལ་གཞོལ་བ་དང་ཚ་ཚ་འུར་འུར་དང་འབད་འབུངས་ཧུར་ཐག་བྱེད་པའི་རྣམ་པ་ཞིག་རིམ་བཞིན་མངོན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། རྨོ་ཞིང་གི་དམར་ཐིག་ནན་པོ་སྲུང་བ་དང་། འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བར་བྱས་ནས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོ་བརྟན་པོ་དང་བདེ་འཇགས་ངང་མཁོ་སྤྲོད་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་གནང་ཡོད། དེའི་ཐད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ཏང་ཙུའུ་ཡི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ལིན་མུའུ་ཡིས། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་འབྲུ་རིགས་བདེ་འཇགས་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གི་གྲོང་གསེབ་དར་རྒྱས་གཏོང་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་བཅས་བྱས་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གི“འབྲུ་རིགས་བརྟན་པོ་དང་། འབྲོག་ལས་དར་རྒྱས། ཁྱད་ལྡན་སྟོབས་ཆེན”བཅས་ཀྱི་ལས་ཀའི་བླང་བྱ་དང་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བསམ་འཆར་གཞིར་བཟུང་ནུས་ཤུགས་ཡོད་རྒུས་རྒྱ་ཁྱོན་འགན་ལེན་དང་། ཐོན་འབབ་འགན་ལེན། ཐོན་ནུས་འགན་ལེན་བཅས་བྱས་ཏེ་འབྲུ་རིགས་ཐོན་ཚད་ཏུན་ཁྲི་100ཡན་རྒྱུན་འཁྱོངས་ཐུབ་པའི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱས་ནས་ཞིང་འབྲོག་ལས་ཐོན་འཕར་དང་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་ཆེད་རྨང་གཞི་བརྟན་པོ་འདིང་རྒྱུ་རེད་ཅེས་བཤད་པ་རེད།
“ས་བོན་ཡག་པོ་བཏབ་ཚེ་གཞི་ནས་ལྟོ་ཕོར་བརྟན་པོ་ཡོང་ཐུབ” ཆབ་མདོ་གྲོང་ཁྱེར་ཞིང་ལས་ལག་རྩལ་ཁྱབ་གདལ་སྤྱི་ཁྱབ་ས་བོན་ས་ཚིགས་ཀྱི་ཀྲེན་ཀྲང་རྡོ་རྗེས་གསར་འགོད་པར་འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་ཞིང་ལས་ཚན་རྩལ་དང་སྒྲིག་ཆས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད། ང་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་བླང་བྱ་ལྟར། དཔྱིད་རྨོད་དཔྱིད་གྲབས་ཀྱི་སོན་བཟང་གཏོང་འདྲེན་ལས་དོན་ལ་སྔ་ཙམ་དམ་འཛིན་དང་དམ་འཛིན་ཏན་ཏིག་བྱས་ནས་གྲོང་ཁྱེར་དང་རྫོང་གི་ཞིང་ལས་ལག་རྩལ་རྐང་འཛིན་པ་སྒྲིག་འཛུགས་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་དུ་རིམ་པ་དང་པོའི་ས་བོན་གཏོང་འདྲེན་ལས་དོན་སྤེལ་བ་དང་། ལག་རྩལ་ལས་བྱེད་པ་མཛོ་སྒང་དང་། སྨར་ཁམས། དཔའ་ཤོད་སོགས་རྫོང་བདུན་དུ་མངགས་ཏེ་རང་རྟེན་གསོ་སྤེལ་བྱས་པའི་སོན་བཟང་གི་ལྷད་མེད་ཚད་དང་། གཙང་ཚད། སྤུས་ཀ་ལེགས་ཚད་བཅས་ཀྱི་ལག་རྩལ་མཛུབ་ཁྲིད་ཞབས་ཞུའི་ལས་དོན་སྤེལ་ནས་གྲོང་ཁྱེར་ཡོངས་ཀྱི་སོན་བཟང་གཏོང་འདྲེན་ལས་དོན་གོ་རིམ་ལྡན་པ་དང་སྤུས་འབོར་ཡག་པོ་ཡོང་བའི་འགན་ལེན་བྱས་ཡོད། མིག་སྔར་གྲོང་ཁྱེར་ཡོངས་ཀྱིས་སོན་བཟང་རྒྱ་མ་ཁྲི་267.84གཏོང་འདྲེན་བྱས་པ་དེས་གྲོང་ཁྱེར་ཡོངས་ཀྱི་དཔྱིད་རྨོད་ཐོན་སྐྱེད་ལ་མཁོ་བའི་སོན་བཟང་མཁོ་སྤྲོད་འགན་ལེན་ནུས་ལྡན་ཐུབ་ནས་ཞིང་པ་མང་ཚོགས་ཀྱི་འབྲུ་རིགས་ཐོན་འཕར་དང་འབབ་འཕར་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཅེས་བཤད།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར། རི་སྐྱེས་ཁམ་སྡོང་1200ལྷག་ཙམ་གྱིས་མུའུ་270ལྷག་ཙམ་གྱི་ཁམ་སྡོང་གི་ཞིང་ཁམས་ཤིག་གྲུབ་ཡོད། ལོ་ལྟར་དཔྱིད་ཀ་འཆར་སྐབས། དེ་གར་ཁམ་བུའི་མེ་ཏོག་རབ་ཏུ་བཞད་ནས་གྲོང་ཚོ་ཡོངས་ལྟ་ན་སྡུག་པར་བྱེད། དེ་ལས་ཀ་ལ་གྲོང་ཚོར་བོད་ཀྱི“ཁམ་བུའི་མེ་ཏོག་གི་གྲོང་ཚོ་དང་པོ”ཞེས་པའི་མཚན་སྙན་ཐོབ་པ་མ་ཟད། དེ་གར་ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་རིག་གནས་དུས་ཆེན་གཙོ་གཉེར་བྱ་ཡུལ་དུའང་གྱུར་ཡོད།
སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས་ཞེས་བཏོན་ཡོད། “རང་སྐྱོང་ལྗོངས་དང་ཉིང་ཁྲི་གྲོང་ཁྱེར་གྱི་བཀོད་སྒྲིག་ཤུགས་ཆེན་འོག ང་ཚོས་དེ་ལྟར་བསྒྲུབས་ཡོད། 2002ལོ་ནས་བཟུང་གྲོང་ཚོར་ཁམ་བུའི་མེ་ཏོག་དུས་ཆེན་སྐབས་དང་པོ་གཉེར་འགོ་ཚུགས་མོད། འོན་ཀྱང་ཕག་པ་དང་བ་ཕྱུགས་གང་སར་གློད་པ་དང་། ཡུལ་མིས་ཁྲོམ་བཀྱག་གང་བྱུང་དུ་སྟོན་པ། གྲོང་ཚོའི་གཙང་སྦྲ་ཞན་པ་བཅས་ཀྱིས་རྐྱེན་པས་ཡུལ་སྐོར་བ་མང་པོ་མི་འདུག”ཅེས་ཀ་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་ཕྱིར་དྲན་བྱེད་བཞིན་བརྗོད།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་དང་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་རོགས་རམ་འོག ཀ་ལ་གྲོང་ཚོས“གྲོང་ཚོ་ཧྲིལ་པོར་སྐུལ་འདེད་དང་གྲོང་ཚོ་དང་ཡུལ་ལྗོངས་གཅིག་སྒྲིལ་གྱི”བསམ་ཕྱོགས་བརྒྱུད། “ཁམ་བུའི་མེ་ཏོག་གྲོང་ཚོའི”སྤུས་རྟགས་བཏོད་པ་དང་། མི་ཕྱུགས་ལོགས་དབྱེ་དང་། ནགས་བཟོ་སྔོ་འགྱུར། སྒོ་ར་སྒྱུར་བཀོད། འགྲོ་ལམ་སྲ་འགྱུར། སྦུག་དྲ་ས་འོག་ནས་མཐུད་པ་སོགས་ཀྱི་ལས་གྲྭར་སྐུལ་འདེད་བཏང་བས། གྲོང་སྡེ་ནས་མཛེས་ལྗོངས་ཁུལ་དུ་གྱུར་ཏེ་ཡུལ་སྐོར་བའི་རྒྱུན་ཆད་རྒྱུ་མེད་པ་དང་གྲོང་མི་ཚོ་དངོས་འབྲེལ་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་བྱུང་སྟེ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་ཡོད། 2022ལོར་ཀ་ལ་གྲོང་ཚོའི་དུད་ཚང་རེར་ཆ་སྙོམས་བགོ་འགྲེམས་སྒོར་ཁྲི་10ལྷག་ཙམ་བྱུང་ཡོད་པ་རེད།
“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག ཀ་ལ་གྲོང་ཚོས་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་སུ་དང་ཁམ་བུའི་མེ་ཏོག་གི་ཐོན་ལས་འཁོར་འབྲེལ་སྣུར་བསྲིང་བྱས་པ་ལས་ཐོན་ལས་དར་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད”ཅེས་སྤེན་པས་མྱོང་ཚོར་ཟབ་མོས་བརྗོད་པ་དང་། ཁོང་གིས“ད་ལོ། ང་ཚོས་སྤུས་ལེགས་དམངས་སྲོལ་གནས་ཚང་དང་རིག་གནས་བསམ་བཀོད་ཐོན་ལས་སོགས་འཚོལ་ཞིབ་བྱས་ཏེ་འོས་སྦྱོར་བྱས་ནས། ‘འགྲོ་སྡོད་སྤྱོད་གསུམ་དང་། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད’བཅས་ཀྱི་ཡུལ་སྐོར་ཐོན་ལས་ཧྲིལ་པོའི་གཙོ་རྒྱུ་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྤུས་ཚད་དེ་བས་མཐོ་བ་དང་། ཕན་འབྲས་དེ་བས་ཆེ་བ། དེ་བས་རྒྱུན་མཐུད་འཕེལ་རྒྱས་བཅས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་བརྗོད་པ་རེད།