ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བརྟེན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཉེ་དུས་ལྷ་སའི“རིམ་གསུམ”སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་ཐོག་སོ་དང་པོའི་གཏན་འཇགས་རྒྱུ་ནོར་སྐར་ཁུང་དུ། གསར་འགོད་པར་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལས་སྒོ་གཉེར་བར་ཡོང་མཁན་གྲོང་མི་རྡོ་རྗེ་འཕྲད་བྱུང་། ཁོང་གིས། “‘ལག་ཁྱེར་ཉུང་གཏོང་གི་དམངས་ཕན’བྱེད་ཐབས་ལག་བསྟར་བྱས་པར་བརྟེན། ལས་ཀའི་བརྒྱུད་རིམ་སྟབས་བདེ་རུ་ཕྱིན་པ་དང་ལས་ཕྱོད་ཆེ་རུ་ཕྱིན་ནས་ང་ཚོ་མང་ཚོགས་དོན་དག་སྒྲུབ་སླ་བས་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དངོས་འབྲེལ་ཚོར་བྱུང”ཞེས་བཤད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་བཏང་ནས་སྲིད་གཞུང་གི་འགན་ནུས་སྒྱུར་བར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་དང་ཚོང་དོན་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་བ། “སྲིད་དོན་ཞབས་ཞུ་དྲ་བ་གཅིག་གིས་གཉེར་བ”དང“མང་ཤོས་སུ་ཐེངས་གཅིག་ལས་འགྲོ་མི་དགོས་པ”སོགས་ཀྱི་བྱེད་ཐབས་ཁྱབ་གདལ་ཧུར་ཐག་གཏོང་བ། དེ་བས་ལེགས་པའི་ཚོང་གཉེར་ཁོར་ཡུག་མུ་མཐུད་གཏོད་པ་བཅས་བྱས་ནས། རྙོག་འཛིང་ཆེ་ལ་ཛ་དྲག་གི་ཁོར་ཡུག་ཁྲོད་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་ལྗོངས་གཙང་ཡོན་ནས་ཆང་ཚན་རྩལ་ཚད་ཡོད་ཀུང་སིའི་འཁོར་ཁང་གི་ཀྲུའུ་རེན་ལྷག་ཆུང་གིས། “ང་ཚོའི་ཁེ་ལས་ལ་འཕེལ་རྒྱས་འདི་ལྟ་བུ་བྱུང་བ་ནི་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་ཁ་བྲལ་ཐབས་མེད། ལྷག་དོན་དུ་ན་ནིང་རིམས་ནད་ཐོན་རིང་ཀུང་སིའི་ཐོན་སྐྱེད་གཉེར་སྐྱོང་ལ་དཀའ་ངལ་འཕྲད་སྐབས། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱིས་དཔལ་འབྱོར་བརྟན་པོ་དང་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་པ་དང་། ཀུང་སིས་ལས་ཞུགས་ཁ་གསབ་དང་དངུལ་བུན་ནར་འགྱངས་རེ་ཞུ་བྱས་པ་བརྒྱུད་དཀའ་གནད་ལས་བདེ་བླག་ངང་སྒྲོལ་ཐུབ་བྱུང་། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་ཀྱིས་ད་དུང《བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲོལ་ཡིག》ཆེད་མངགས་བཟོས་ནས་ཁེ་ལས་འཕེལ་རྒྱས་ཡོང་ཆེད་དེ་བས་ལྷུག་པའི་སྲིད་ཇུས་ཀྱི་ཁོར་ཡུག་དང་གཉེར་སྐྱོང་གི་ཁོར་ཡུག་བཏོད་ཡོད”ཅེས་བཤད།
ནང་གནས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་རུ་ཕྱིན་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། གོ་སྐབས་དམ་འཛིན་གྱིས་གསར་གཏོད་འཕེལ་རྒྱས་གཏོང་བ། ལེགས་ཆ་འདོན་སྤེལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོར་དམིགས་ནས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། ཐོན་ལས་ཀྱི་རིམ་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། འཕེལ་རྒྱས་ཀྱི་འགུལ་ནུས་དེ་བས་ཆེ་རུ་གཏོང་བ། སྣེ་ཁྲིད་ཀྱི་ནུས་པ་མུ་མཐུད་ཆེ་རུ་གཏོང་བ་བཅས་བྱས་པར་བརྟེན། སྤུས་ཚད་མཐོ་བའི་འཕེལ་རྒྱས་མྱུར་ལམ་དུ་བསྐྱོད་ཐུབ་པ་རེད།
ལྷ་ས་མཐོ་གསར་ཁུལ་གྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང“རིམ་སྤོར་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི”གོ་སྐབས་ལ་བརྟེན་པ་དང་། ཁྱད་ལྡན་གྱི་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་སྤུས་རྟགས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། གསར་དར་ཐོན་ལས་མགྱོགས་མྱུར་བཀོད་སྒྲིག་བཅས་བྱས་པར་བརྟེན། ས་གཙང་བདེ་ཐང་དང་། རིག་གནས་ཡུལ་སྐོར། དེང་རབས་ཞབས་ཞུ། མཐོ་གསར་ལག་རྩལ་བཅས་ཀྱི་གཙོ་གནད་ཐོན་ལས་ཆེན་པོ་བཞི་འདེགས་སྐྱོར་དུ་བྱས་པའི་འཕེལ་རྒྱས་ཀྱི་བཀོད་པ་ཞིག་ཆགས་ནས་ཐོན་ལས་གཅིག་སྡུད་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། མངའ་རིས་ཀྱི“ས་གྲོལ་དཔལ་འབྱོར”རྣམ་གྲངས་ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)དུ་བཙུགས་ནས་ལྷ་ས་དང་མངའ་རིས་ལ་གཉིས་ཁེ་གཉིས་ཕན་ཡོང་བར་སྐུལ་མ་ཐེབས་ཏེ་ལྗོངས་ཡོངས་ཀྱི་ས་ཁོངས་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་གྲུབ་འབྲས་ཐོབ་པའི་ཉམས་མྱོང་བསགས་ཡོད། རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་ཀྱི་གཏན་འབེབས་འགའ་ཞིག》བཀྲམ་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱལ་ཁྲོད་ཚོང་འགུགས་མ་འདྲེན་གྱི་སྐུལ་འདེད་ནུས་པ་དེ་བས་ལེགས་པོས་འདོན་སྤེལ་ཐུབ་ཡོད།
དེ་དང་དུས་མཚུངས། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་ལས་རང་ལྗོངས་ཀྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་གོ་སྐབས་བསྐྲུན་ཡོད། རང་ལྗོངས་ཀྱི་འགྲིམ་འགྲུལ་དང་། ཆུ་བེད། ནུས་རྒྱུ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གོམ་སྟབས་ཟམ་མི་ཆད་པར་མགྱོགས་སུ་བཏང་བ་དང་། ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོ་གཏོད་པའི་ལས་དོན་ཁག་ལ་འཕེལ་རིམ་ནུས་ལྡན་ཐོན་ནས་རང་རྒྱལ་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པར“ཕྱི་ནང་འབྲེལ་མཐུད”ཀྱི་ནུས་པ་ལྡན་པའི་ཟམ་སྣེའི་མཁར་རྫོང་དུ་རིམ་བཞིན་གྱུར་ཡོད།
ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་མིང་མཉམ་དུ་བཀོད་ནས་གྲོས་གཞི་བཏོན་ཏེ། སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བར་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། མཐའ་མཚམས་འགག་སྒོའི་དཔལ་འབྱོར་ཁུལ་ཧུར་ཐག་གཏོད་པ་བཅས་བྱས་ཏེ་རང་ལྗོངས་འདི་ཉིད་རྒྱལ་སྤྱི་རྒྱལ་ནང་གི་རྒྱུན་འཁོར་གྱི་བཀོད་པ་གསར་པའི་ནང་གང་མགྱོགས་མཉམ་འདྲེས་ཐུབ་པར་རོགས་རམ་བྱས་ནས་ཕྱོགས་ཡོངས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་ལྟར་བརྟན་ལྷིང་འགན་ལེན་་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་། མཐའ་སྲུང་སྟོབས་ཆེར་གཏོང་བ་བཅས་བྱས་པས། མི་དམངས་མང་ཚོགས་ཚོས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད་པ་རེད།
གོམ་སྟབས་རྗེས་མར། རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མུ་མཐུད་མཐའ་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ། འཛམ་གླིང་ཕྱོགས་སུ་སྐྱོད་པའི་སྒོ་མོ་འབྱེད་པ། འཛམ་གླིང་དང་འབྲེལ་མཐུད་བྱེད་པའི་འབྲེལ་ཟམ་འཛུགས་པ། དེ་བས་དགེ་མཚན་ལྡན་པའི་སྒོ་དབྱེའི་སྲིད་ཇུས་ལག་ལེན་བསྟར་བ། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ། ཕྱི་ཕྱོགས་དང་རིག་གནས་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཆུ་ཚད་མཐོ་པོས་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ནས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།