2018ལོར་ཧུའུ་ནན་ཞིང་ཆེན་ཤང་ཤིས་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཀུ་ཀྲང་རྫོང་མོ་རོང་གྲོང་རྡལ་ཉིའུ་ཅའོ་ཧྲན་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ལུང་ཤན་ཝུན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིར་བདམས་པ་དང་ད་ཆ་སླར་ཡང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིར་བདམས་པ་རེད། “ཚང་མས་ཁས་ལེན་དང་ཡིད་ཆེས་བྱེད་ཀྱི་ཡོད་པས། ངས་ཐུགས་རྗེ་ཆེ་ཞུ་གི་ཡིན་ལ་སེམས་འགུལ་ཡང་ཐེབས་བྱུང་། ཕ་ཡུལ་ལ་བྱ་བ་མང་ཙམ་སྒྲུབ་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡིན”ཞེས་ལོ་57ལ་སླེབས་པའི་ལུང་ཤན་ཝུན་གྱིས་གསུངས།
ལས་འགན་སྒྲུབ་རིང་ཁོང་གིས་ཧུའུ་ནན་ནུབ་རྒྱུད་ས་ཁུལ་གྱི་མཐའ་མཚམས་ལུང་ཁུག་དང་རི་ཁུལ་ཚང་མར་བསྐྱོད་དེ་དམངས་ཀྱི་བསམ་འདུན་ཉན་པ་དང་། ཁེ་ལས་ལ་ལྟ་བ། སྡེ་ཚན་ལ་འདྲི་རྟོག་བཅས་གནང་ནས་ཟིན་བྲིས་མཐུག་པོ་ཞིག་ཏུ་བསམ་གཞིག་དང་ཐབས་ཇུས་ཟབ་མོ་བཀོད་ཡོད་པ་རེད།
2018ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་གཞག་ལ་སྐུལ་འདེད་ཚ་ཚ་འུར་འུར་གཏོང་བའི་དུས་སྐབས་ཤིག་ཡིན་ཞིང་། ལུང་ཤན་ཝུན་གྱིས་ཤང་ཤིས་ཀྲོའུ་ཡུང་ཧྲུན་རྫོང་ཐ་ཝོ་གྲོང་རྡལ་སོགས་སུ་འདྲི་རྟོག་གནང་ནས་ཤེས་པར། ས་གནས་དེ་གའི་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པར་ས་ཁོངས་དང་དཔལ་འབྱོར་ཆ་རྐྱེན་གྱི་ཚོད་འཛིན་ཕོག་ནས། གསར་བརྗེའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བར་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཐེབས་པ། རིག་གནས་གནའ་ཤུལ་སྲུང་སྐྱོང་བྱེད་ཤུགས་མི་འདང་བ་སོགས་ཀྱི་དཀའ་གནད་ཕྲད་ཡོད་པ་རེད།
བརྟག་དཔྱད་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་ཡང་ཡང་བྱས་པ་བརྒྱུད། ཁོང་གིས“ཐ་ཝོ་ཡི་ཧུའུ་ནན་དང་། ཧུའུ་པེ། སི་ཁྲོན། ཀུའེ་ཀྲོའུ་བཅས་ཀྱི་གསར་བརྗེའི་རྟེན་གཞིའི་ཁུལ་གྱི་ཏང་གཤིས་སློབ་གསོའི་རྟེན་གཞི་བསྐྲུན་ནས་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་འགོ”བཏོན་པ་རེད། གྲོས་འགོ་དེར་མགྱོགས་མྱུར་འབྲེལ་ཡོད་སྡེ་ཚན་གྱིས་མཐོང་ཆེན་བྱས་པ་དང་ལན་ཡང་སློགས་པ་རེད།
སྲིད་ཇུས་དང་བྱ་ཐབས་ནུས་ལྡན་ཁག་གཅིག་གི་རྒྱབ་སྐྱོར་འོག ས་གནས་དེ་གའི་རིག་གནས་གནའ་ཤུལ་ཁྱོན་ཡོངས་ནས་ཉམས་གསོ་བྱས་པ་དང་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་སྔར་བས་སྤུས་ཀ་ལེགས་ཤིང་རིམ་པ་སྤར་བ་དང་། ན་ནིང་ཡུལ་སྐོར་བ་མི་ཐེངས་ཁྲི་100ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་ཡོད།
ཉེ་བའི་ལོ་གཉིས་རིང“གྲངས་ཉུང་མི་རིགས་ས་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ཇི་ལྟར་བྱེད་པ”ནི་ལུང་ཤན་ཝུན་གྱི་ཞིབ་འཇུག“བྱ་གཞི་གསར་པར”གྱུར་ནས་དེང་རབས་ཞིང་ལས་དང་། ཐོན་ལས་མཉམ་འདྲེས། ཤེས་ལྡན་པ་དར་རྒྱས་སོགས་ནི་ཁོང་གི་གྲོས་འགོའི་ནང་གི་འགག་རྩའི་ཐ་སྙད་གསར་པར་གྱུར་ཡོད།
ན་ནིང་ཁོང་གིས་ཀུ་ཀྲང་རྫོང་གི་ཇ་ལོའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས“རྒྱལ་ཁབ་ཀྱིས་ཀུ་ཀྲང་རྫོང་གི་ཞུས་ཅ་ལིང་ཆུ་མཛོད་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ལ་རྒྱབ་སྐྱོར་དང་དོན་འཁྱོལ་བྱེད་དགོས་པའི་གྲོས་འགོ”བཏོན་པ་རེད། “ངས་ཀུ་ཀྲང་རྫོང་གི་ཇ་ལོ་ཐོན་ཁུལ་མང་པོར་སྡོད་སྐབས་རྫོང་དེར་ཇ་ལོ་འདེབས་ཁྱོན་རགས་ཙམ་ཆགས་ཡོད་མོད། འོན་ཀྱང་རི་ཁུལ་མི་ཉུང་བ་ཞིག་གི་ས་བབ་མཐོ་བ་དང་ཐག་ཉེ་སའི་ཆུ་ཁུངས་ནས་ཆུ་འདྲེན་དཀའ་བར་བརྟེན། ཆུའི་དཀའ་ངལ་ནི་ཇ་ལོའི་ཐོན་ཚད་དང་སྤུས་ཀར་ཚོད་འཛིན་ཡུན་རིང་ཕོག་པའི‘དཀའ་གནད་ཆེ་ཤོས’དེ་རེད”
གྲོས་འགོ་དེར་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཞིང་ཆེན་དང་གྲོང་ཁྱེར་རིམ་པས་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ནས། ཞུས་ཅ་ལིང་ཆུ་མཛོད་ལས་གྲྭར་འདི་ལོའི་ཟླ་2པར་དྲ་ཐོག་ཏུ་འོས་སྐུལ་བྱས་པ་དང་ཟླ་4པར་ལས་འགོ་འཛུགས་རྩིས་ཡོད་པ་རེད། འཆར་འགོད་ལྟར་ན། ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་2ལྷག་ཙམ་ཟིན་ནས་ཀུ་ཀྲང་རྫོང་གི་ཤང་དང་གྲོང་རྡལ་7དང་དེ་བཞིན་ཇ་ཞིང་དང་ནགས་རིའི་ཆུ་མཁོ་འདོན་དང་ཞིང་ཆུ་འདྲེན་ཐུབ་པ་མ་ཟད། ད་དུང་སྐྱེ་ཁམས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཀྱང་ཐོན་གྱི་ཡོད།
ལུང་ཤན་ཝུན་གྱིས། འདི་ལོ་ངས་ཧུའུ་ནན་ནུབ་རྒྱུད་ས་ཁུལ་གྱི་ཇའི་ཡུལ་སྐོར་ཐོན་ལས་མཉམ་འདྲེས་ཀྱི་འཕེལ་རྒྱས་གཏིང་ཟབ་ལ་རྒྱབ་སྐྱོར་བྱེད་དགོས་པའི་སྐོར་གྱི་གྲོས་འགོ་ཞིག་གྲ་སྒྲིག་བྱས་ཡོད། “གྲོང་གསེབ་དར་རྒྱས་གཏོང་དགོས་ན་ཐོན་ལས་ངེས་པར་དུ་དར་རྒྱས་གཏོང་དགོས། ང་ཚོ་ཧུའུ་ནན་ནུབ་རྒྱུད་ཀྱི་ཇའི་ཡུལ་སྐོར་ཐོན་ལས་ལ་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཏང་ནས་མི་སེར་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་འཐོབ་ཆེད། ངས་མུ་མཐུད་ཤུགས་རྒྱག་གི་ཡིན”ཞེས་གསུངས།
(ཤིན་ཧྭ་གསར་འགྱུར་ཁང་ཁྲང་ཧྲ་ནས་འབྱོར་པའི་གློག་འཕྲིན)