དབུ་ཤོག>ཆེད་སྒྲིག
  • དམ་འཛིན་བྱ་གཞིའི་ནུས་པ་བཏོན་ནས་ཐོན་ལས་ཆེན་པོ་གསུམ་འཕེལ་རྒྱས་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-12

    ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་ནན་པོ་བྱས་ནས་ཐོན་ལས་ཀྱི་སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བར། རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ“དོན་ཆེན་བཞི”དང“འགན་ལེན་བཞིར”དམ་པོར་དམིགས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་རྒྱག་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བཅས་བྱས་ནས། ཆད་སྐྱོན་སེལ་བ་དང་། ཞན་ཆ་སེལ་བ། རྨང་གཞི་བརྟན་གཏོང་། ལེགས་ཆ་དར་སྤེལ་བཅས་ལ་ཤུགས་སྣོན་དང་། འདུ་ཤེས་སླར་གསོ་དང་། ཐབས་བཟང་འདེམས་པ། བྱེད་སྟངས་གསར་གཏོད་བཅས་ལ་བརྟེན་ནས་ལེགས་གསོ་ཕན་ཆེ་ཡོང་བ། “ལེགས་ཆ་གཉིས”འདོན་པ་དང་། “མི་མངོན་པའི་ནུས་པ་གཉིས”སྔོག་འདོན། “ཁྱད་ལྡན་གཉིས”རྒྱ་སྟོབས་ཆེ་རུ་གཏོང་བ། “སྒོ་དབྱེ་གཉིས”རྒྱ་ཆེར་གཏོང་བ་སོགས་ཀྱི་དམ་འཛིན་བྱ་གཞིར་བརྟེན་ནས་གྲུབ་ཆ་ལེགས་སྒྲིག་དང་། ནུས་པ་སྒྱུར་བ། སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། མུ་མཐུད་ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་སྤུས་ཚད་མཐོ་རུ་གཏོང་དགོས།

    2022ལོར་རང་ལྗོངས་ཀྱི་ས་མཐོའི་ཁྱད་ལྡན་ཐོན་ལས་ལ་ཚད་བརྒལ་གསར་པ་བྱུང་ཞིང་། བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིས་ལོར་ས་མཐོའི་གཡོས་སྦྱོར་ཐབ་ཆས་ཁྲི་100ཐོན་སྐྱེད་བྱེད་པའི་རྣམ་གྲངས་བསྐྲུན་ནས་སྤྱོད་འགོ་བཙུགས་པ་དང་། ནུང་ཧྥུའུ་གཏེར་ཆུའི་ཀུང་སི་ཉིང་ཁྲིར་བཙུགས་རྗེས་ལོར་ཏུན་ཁྲི་50ཟིན་པའི་ཐུམ་སྒྲིལ་འཐུང་ཆུ་ཐོན་སྐྱེད་བྱེད་པའི་རྣམ་གྲངས་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ། ཀྲུང་ལེང་ཚོགས་པས་ལོར་ཏུན་ཁྲི་3ཟིན་པའི“ཤང་ཞོལ”རྟགས་ཅན་གྱི་ནས་ཐུག་ཐོན་སྐྱེད་བྱེད་པའི་རྣམ་གྲངས་གཞིས་རྩེར་ལག་བསྟར་བྱས་པ། སྨན་གླིང་གི“དེང་རབས་ཞིང་ལས་བོད་ཀྱི་སྨན་རྒྱུའི་ཐོན་ལས་གླིང”མགྱོགས་མྱུར་བསྐྲུན་པ། མུ་ཏིག་བདུན་བཅུ་སོགས་བོད་སྨན་གྲགས་ཅན་སྤུས་ལེགས་ཁག་10བདམས་ནས《རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རིགས་དཀར་ཆག》ནང་དུ་བཅུག་པ་དང་། བོད་སྨན་ཐོན་རྫས་ཁག་46རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ནང་དུ་བཅུག་པ་རེད།

    2022ལོར་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་185.41ཟིན་པ་དེ་དུས་མཚུངས་ལས་13%འཕར་ཡོད་པ་ལས། ལྷ་ས་གྲོང་ཁྱེར་གྱི་བཟོ་ལས་དཔལ་འབྱོར་ལ་ལྡོག་འཕར་བྱུང་ནས་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་200ཡི་སྐས་རིམ་གསར་པར་སླེབས་པ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་17.2%འཕར་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)བདུན་གྱི་ཨང་དང་པོར་སླེབས་ཡོད་པ་རེད།

    “དཀའ་གནད་ཀྱི་འཆུན་འདོམས་ལ་དམིགས་ཏེ་བོད་སྐྱོར་མ་དངུལ་སྒོར་ཁྲི་3000བརྩོན་ལེན་བྱས་ནས། ལྗོངས་ཡོངས་སུ‘ལྷ་ས་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཞིབ་འཇུག་ཁང’སྔོན་ལ་སྐྲུན་འགོ་ཚུགས་པ་དང་། བཟོ་ལས་དང་ཆ་འཕྲིན་ཅན་ཁྱབ་ཁོངས་སུ་རང་རྟེན་ཞིབ་འཇུག་ནུས་པ་དང་། ཤེས་བྱའི་ལག་རྩལ་མཉམ་འདུས། རིམ་པ་མཐོ་བའི་ཤེས་ལྡན་པ་གཅིག་སྡུད་བཅས་ཀྱི་སྤྱི་ཕན་རང་བཞིན་གྱི་ཞིབ་འཇུག་སྒྲིག་གཞི་དང་ཇུས་འདོན་ཚོགས་པ་གསར་པ་བཙུགས་ཡོད”ཅེས་ལྷ་ས་གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཅན་ཅུས་ཀྱི་ཅུས་ཀྲང་ཝང་ཤུས་ཀོང་གིས་བརྗོད།

    2022ལོར་རང་ལྗོངས་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་200ལྷག་ཙམ་ཟིན་ནས་ལོ་འཁོར་གྱི་དམིགས་ཚད་ལེགས་གྲུབ་ཚད་བརྒལ་བྱུང་བ་དང་། ལོ་གཉིས་ལ་ཆ་སྙོམས་16%འཕར་བས“ལོ་ལྔ་ཚན་བཅུ་བཞི་པའི”དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་ཐུབ་རེ་ཡོད། ལྷ་ས་གྲོང་ཁྱེར་གྱིས་2022ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་གྱི་ལྷ་སའི་དབུ་ཚོགས་བདེ་བླག་ངང་གཉེར་ནས་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་24ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་28.53བཏང་ཡོད།

    “རང་ལྗོངས་ཀྱི་གྲངས་འཛིན་ཐོན་ལས་ཅན་གྱི་སྐྱེད་སྲིང་ལ་སྔར་བས་སྐུལ་འདེད་བཏང་ནས་བོད་དུ་བྱང་སྐར་སྤུན་བདུན་ཕྱོགས་སྟོན་ཕྱོགས་བསྡུས་བཀོལ་སྤྱོད་ཀྱི་དཔེ་སྟོན་ལས་གྲྭའི་རྣམ་གྲངས་ལག་ལེན་བསྟར་བ་དང་། ལྷ་སའི་ས་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་འཕྲིན་གཏོང་ལས་སྒོ་ཕྱིར་གཏོང་ནང་འདྲེན་ཅུས་བཙུགས་ནས་ལས་གཉེར་བྱེད་འགོ་ཚུགས་པ། ལྷ་ས་གྲངས་འཛིན་དཔལ་འབྱོར་ཐོན་ལས་གླིང་དུ་ཁེ་ལས་19སྤོས་པ། མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་ཀྱི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་22ཟིན་པ་ནས་གཞི་ཁྱོན་ཡན་གྱི་མཉེན་ཆས་དང་ཆ་འཕྲིན་ཁེ་ལས་15ཡོད་པ། ཝང་ཀྲི་ཐན་ཡོན་ཚན་རྩལ་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིར་བཟོ་འཕྲིན་པུའི་2022ལོའི་གྲངས་གཞི་ཆེན་པོའི་ཐོན་ལས་འཕེལ་རྒྱས་ཀྱི་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་ཀྱི་མཚན་སྙན་ཐོབ་ཡོད”ཅེས་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་ཀོ་ཞང་གིས་ངོ་སྤྲོད་བྱས་པ་རེད།

    2022ལོར་རང་ལྗོངས་ཀྱིས་སྔ་རྗེས་སུ་དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་བྱེད་ཐབས“དོན་ཚན་38དང“དོན་ཚན་29”བཏོན་ནས། རིགས་ཁག་གི་གཉེར་སྐྱོང་བྱེད་པོ་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཕྱིར་སྤྲོད་དང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་116.7ཆག་ཡང་དང་རྩ་ཆག་བཏང་སྟེ། རིམས་ནད་ཀྱི་རྡབ་རྡེག་འོག་དཔལ་འབྱོར་གྱི་གཞི་རྩ་བརྟན་དུ་བཏང་ཡོད།

    ཁེ་ལས་འབྲིང་ཆུང་འཕེལ་རྒྱས་གཏོང་བའི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་1.43དོན་འཁྱོལ་བྱས་པ་དང་། ཁེ་ལས་འབྲིང་ཆུང་གི་ནར་འགྱངས་བྱས་པའི་རྩིས་ཁྲའི་མ་དངུལ་སྒོར་དུང་ཕྱུར་2.87གཙང་མར་འཇལ་བ། ཁེ་ལས་ཀྱི་གློག་ཤུགས་དང་སྐྱེལ་འདྲེན་ལ་འགོག་རྐྱེན་ཕྲད་པ་སོགས་ཀྱི་དཀའ་གནད་140ལྷག་ཙམ་མཐུན་སྦྱོར་ཐག་གཅོད་བྱས་ནས། ཁེ་ལས་སྣ་ཚོགས་ཀྱི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།