ཏང་གི་སྒྲིག་ཡིག་གི་བཟོ་བཅོས་འཆར་ཟིན་ནང་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནང་དོན་ཁ་སྣོན་བྱེད་དོན་གང་ཡིན་ནམ།
ལན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱི་སྤྱིའི་རྩ་འཛིན་གྱི་དུམ་བུ་བཅུ་གཅིག་པར། “མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ངེས་པར་དུ་མཐའ་འཁྱོངས་དང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་མཐའ་འཁྱོངས་བྱེད་དགོས”ཞེས་པ་དེ“མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ངེས་པར་དུ་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་བྱས་ཏེ་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས། རྒྱལ་ནང་གི་རྒྱུན་འཁོར་ཆེན་པོ་གཙོ་རྐང་དུ་བྱེད་པ་དང་རྒྱལ་སྤྱི་རྒྱལ་ནང་གི་རྒྱུན་འཁོར་ཕན་ཚུན་སྐུལ་འདེད་གཏོང་བའི་གོང་འཕེལ་གྱི་རྣམ་པ་གསར་པ་བཏོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པར་བཟོ་བཅོས་བརྒྱབ་ཡོད། ཏང་གི་སྒྲིག་ཡིག་ནང་དུ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཁ་སྣོན་བྱས་པ་དེ་ཐོག་ནས་དུས་རབས་གསར་པའི་རང་རྒྱལ་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་དང་ལག་ལེན་གྱི་ཉམས་མྱོང་མངོན་པ་དང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྤུས་ཚད་དེ་བས་མཐོ་བ་དང་། ལས་ཕྱོད་དེ་བས་ཆེ་བ། དེ་བས་དྲང་གཞག་ལྡན་པ། དེ་བས་རྒྱུན་མཐུད་ཆོག་པ། དེ་བས་བདེ་འཇགས་ལྡན་པ་བཅས་ཀྱི་འཕེལ་རྒྱས་ལ་ཁ་ཕྱོགས་སྔར་བས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པས། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད།
དང་པོ། རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཕྱོགས་མཚམས་ཁོང་དུ་གཏིང་ཟབ་ཆུད་པར་ཕན་པ་ཡོད། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཡོད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ཀྱི་དུས་མཚམས་ཤིག་ཡིན་ལ། དེའི་ཁྲོད་ཀྱི་ལོ་བཅུ་ཕྲག་འགའ་ཤས་རིང་གསོག་འཇོག་བྱས་པ་དང་འགོ་འཛུགས་ས་གསར་པ་ཞིག་ཏུ་ལངས་པའི་དུས་མཚམས་ཤིག་ཀྱང་ཡིན། དེ་ནི་རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ཡར་ལངས་པ་དང་ཕྱུག་པོར་ཆགས་པ་ནས་སྟོབས་ཆེར་གྱུར་པའི་ལོ་རྒྱུས་རང་བཞིན་གྱི་མཆོངས་སྐྱོད་བྱུང་བའི་དུས་མཚམས་གསར་པ་ཞིག་རེད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་གྱི་མཆོང་སྐྱོད་ཆེན་པོ་ཞིག་ཡིན་པས། རང་རྒྱལ་གྱི་འཕེལ་རྒྱས་བརྒྱུད་རིམ་ནང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པར་རྩོད་སྒྲུབ་ཀྱི་བསམ་ཕྱོགས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི་གོ་སྐབས་གསར་པ་དང་འགྲན་སློང་གསར་པར་ལྟ་དགོས་ཤིང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
གཉིས་པ། རང་རྒྱལ་གྱི་དཔལ་འབྱོར་དེང་རབས་ཅན་གྱི་ལམ་བུ་འདེམས་ལུགས་ཁོང་དུ་གཏིང་ཟབ་ཆུད་པར་ཕན་པ་ཡོད། རྒྱལ་ནང་གི་རྒྱུན་འཁོར་ཆེན་པོ་གཙོ་རྐང་དུ་བྱེད་པ་དང་རྒྱལ་སྤྱི་རྒྱལ་ནང་གི་རྒྱུན་འཁོར་ཕན་ཚུན་སྐུལ་འདེད་གཏོང་བའི་གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་པ་ནི་རང་རྒྱལ་གྱི་འཕེལ་རྒྱས་དུས་མཚམས་དང་། ཁོར་ཡུག ཆ་རྐྱེན་བཅས་ཀྱི་འགྱུར་ལྡོག་དང་། ལྷག་པར་དུ་རང་རྒྱལ་གྱི་དགེ་མཚན་ཆེ་རིགས་ཀྱི་འགྱུར་ལྡོག་གཞིར་བཟུང་། དུས་བསྟུན་མནོ་བསམ་བཏང་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་དང་། སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་མ་ལག་རང་བཞིན་དང་གདིང་རྩའི་འཕོ་འགྱུར་ཞིག མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པའི་འཐབ་ཇུས་ཀྱི་ཇུས་འགོད་ཅིག་བཅས་ཡིན། དཔལ་འབྱོར་ཐད་ནས་བལྟས་ན། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་ནི་དུས་བསྟུན་འཕེལ་རྒྱས་ཀྱིས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་ལ། རང་རྒྱལ་གྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་གཏོད་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཀྱང་ཡིན། འཐབ་ཇུས་ཀྱི་ཐོག་ནས་བལྟས་ན། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་ནི་ང་ཚོས་འཛམ་གླིང་གི་འཕོ་འགྱུར་ཆེན་པོར་ཁ་གཏད་གཅོག་པའི་འཐབ་ཇུས་ཀྱི་བྱ་ཐབས་ཤིག་ཡིན་ལ། རྒྱལ་ནང་གི་འཕེལ་རྒྱས་དུས་མཚམས་ཀྱི་འགྱུར་ལྡོག་དང་བསྟུན་པ་དང་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་བྱེད་པའི་སྔོན་སྤེལ་བྱ་སྤྱོད་ཅིག་ཀྱང་ཡིན། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་འགག་རྩ་ནི་དཔལ་འབྱོར་རྒྱུན་འཁོར་ཐོགས་མེད་བདེ་བླག་ཡོང་མིན་ལ་ཐུག་ཡོད། དེའི་ངོ་བོའི་ཁྱད་ཆོས་ནི་ཆུ་ཚད་མཐོ་བའི་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་རྒྱུ་དེ་རེད།
གསུམ་པ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་ཁོང་དུ་གཏིང་ཟབ་ཆུད་པར་ཕན་པ་ཡོད། དུས་རབས་གསར་པའི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱད་ཆོས་གཙོ་བོ་ནི་མགྱོགས་མྱུར་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དུས་མཚམས་སུ་སྒྱུར་བ་དེ་རེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་མི་དམངས་ཀྱི་ཉིན་བཞིན་གོང་མཐོར་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དེ་བས་ཡག་པོ་སྐོང་ཐུབ་པའི་འཕེལ་རྒྱས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མངོན་པའི་འཕེལ་རྒྱས། གསར་གཏོད་སྒུལ་ཤུགས་ཨང་དང་པོར་འགྱུར་བ་དང་། དོ་སྙོམས་ནང་སྐྱེས་ཀྱི་ཁྱད་ཆོས་སུ་འགྱུར་བ། ལྗང་མདོག་འཕེལ་རྒྱས་ཀྱི་ཡོངས་ཁྱབ་བྱེད་ཐབས་སུ་འགྱུར་བ། སྒོ་དབྱེ་ལྡོག་མེད་ལམ་བུར་འགྱུར་བ། མཉམ་སྤྱོད་རྩ་བའི་དམིགས་ཡུལ་དུ་འགྱུར་བ་བཅས་ཀྱི་འཕེལ་རྒྱས་རེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དཔལ་འབྱོར་རྐྱང་པའི་བླང་བྱ་ཙམ་མིན་པར། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་ཅིའི་ཐད་ཀྱི་བླང་བྱ་ཞིག་རེད། དེ་ནི་དཔལ་འབྱོར་དར་རྒྱས་ས་ཁུལ་ལ་བཏོན་པའི་བླང་བྱ་ཙམ་ཞིག་མིན་པར། ས་ཁུལ་ཡོད་དོ་ཅོག་གི་འཕེལ་རྒྱས་ཁྲོད་ངེས་པར་དུ་ལག་བསྟར་བྱེད་པའི་བླང་བྱ་ཞིག་རེད། དེ་ནི་གནས་སྐབས་ཀྱི་བླང་བྱ་ཞིག་མིན་པར་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་བླང་བྱ་ཞིག་རེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གཏན་ལ་འཁེལ་བའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་། བཟོས་པའི་དཔལ་འབྱོར་སྲིད་ཇུས། སྤྱི་ཁོག་སྙོམས་སྒྲིག་ལག་བསྟར་བྱེད་པའི་རྩ་བའི་བླང་བྱ་བཅས་ཡིན་ལ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད།
ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ལ་བཟོ་བཅོས་བརྒྱབ་རྗེས། རང་རེའི་ཏང་གི་འཕེལ་རྒྱས་སྐོར་གྱི་མ་ལག་ཅུང་འཐུས་ཚང་གི་སྤྱིའི་འཐབ་ཇུས་བཀོད་སྒྲིག་གྲུབ་པ་སྟེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ་དེ་ཡིན། འདི་ནི་འབྲེལ་བ་དམ་ཟབ་དང་ཕན་ཚུན་མཉམ་འདྲེས་ཀྱི་སྤྱི་ཡོངས་ཤིག་ཡིན་པས། རང་རྒྱལ་འཕེལ་རྒྱས་ཀྱི་རྩ་བའི་ལངས་ཕྱོགས་དང་། འཕེལ་རྒྱས་ཀྱི་ལོ་རྒྱུས་གནས་བབ། དེང་རབས་ཅན་འཛུགས་སྐྲུན་གྱི་མཛུབ་ཁྲིད་རྩ་དོན། དཔལ་འབྱོར་དེང་རབས་ཅན་གྱི་ལམ་བུའི་གདམ་ག འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་བཅས་གསལ་པོ་བཏོན་པ་དང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་འཕེལ་རྒྱས་གང་འདྲ་ཞིག་མངོན་འགྱུར་བྱེད་པ་དང་འཕེལ་རྒྱས་གྱི་གནད་དོན་གལ་ཆེན་ཇི་ལྟར་མངོན་འགྱུར་བྱེད་པར་ལན་གསལ་པོ་བཏབ་ཡོད། དེ་དག་ཚང་མ་ནི་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ནང་དོན་གལ་ཆེན་དང་། རང་རེའི་ཏང་གིས་འཕེལ་རྒྱས་དོན་གཉེར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་ཆེའི་ཉམས་མྱོང་གཅིག་སྡུད་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པ་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་བ་ཞིག་རེད། ནང་དོན་དེ་དག་ཏང་གི་སྒྲིག་ཡིག་གི་རྣམ་པའི་ཐོག་ནས་གཏན་འཁེལ་བྱས་ནས། ཏང་ཡོངས་ཀྱི་ཐུན་མོང་དང་ཡུན་རིང་གི་རྩ་བའི་གཞི་འཛིན་སར་བྱས་པ་ནི། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་དེ་བས་ལེགས་པོས་སྤྱི་འདོམས་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་དང་འགྱུར་ལྡོག་གཙོ་བོར་དེ་བས་ལེགས་པར་འཚམ་པ་བྱེད་པ། རང་རྒྱལ་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ། ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོ་རྒྱང་ལམ་གསར་པར་རླབས་གཤགས་མདུན་སྐྱོད་དང་བརྟན་བགྲོད་རྒྱང་འཁྱོལ་ལ་སྣེ་ཁྲིད་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་ལ་རྒྱལ་ཁ་གསར་པ་ཟམ་མི་ཆད་པར་ལེན་རྒྱུར་ཕན་ཐོགས་ཡོད།