ལས་ཞུགས་ནི་ཁྱིམ་ཚང་ཁྲི་སྟོང་མང་པོའི་འཚོ་ཐབས་དང་འབྲེལ་བ་ཡོད་པས། དེ་ནི་བར་མཚམས་ཀྱི་ལུགས་མཐུན་དཔལ་འབྱོར་འཁོར་རྒྱུག་གི་འགག་རྩའི་འདེགས་སྐྱོར་ཞིག་རེད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འདི་ལོ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་གསར་པའི་སྔོན་དཔག་དམིགས་ཚད་མི་ཁྲི་1200ཙམ་བཀོད་སྒྲིག་བྱས་ནས་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་པ་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ཡོད། དེ་ནི་དཔལ་འབྱོར་བརྟན་པོ་དང་དམངས་འཚོར་ཕན་འདོགས་པའི་བཀོད་སྒྲིག་གལ་ཆེན་ཞིག་རེད།
འདི་ལོ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་གསར་པའི་སྔོན་དཔག་དམིགས་ཚད་དོན་དངོས་ལ་གཞིགས་ནས་བཀོད་སྒྲིག་བྱས་ཡོད། འདི་ལོ་ནས་བཟུང་དཔལ་འབྱོར་འཁོར་རྒྱུག་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ་དང་སྦྲགས། ལས་ཞུགས་ཀྱི་དུས་བབ་མུ་མཐུད་ལེགས་སུ་ཕྱིན་མོད། འོན་ཀྱང་རང་རྒྱལ་གྱི་ལས་ཞུགས་ཀྱི་གནོན་ཤུགས་སྔར་བཞིན་གནས་ཤིང་། འདི་ལོ་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བྱེད་དགོས་པའི་ངལ་རྩོལ་ནུས་ཤུགས་གསར་པ་མི་ཁྲི་1662དང་མཐོ་སློབ་སློབ་ཐོན་སློབ་མའི་གཞི་ཁྱོན་མི་ཁྲི་1158ཟིན་ནས་གཞི་ཁྱོན་ཚང་མ་ཉེ་བའི་ལོ་ཤས་རིང་གི་ཟིན་ཐོ་མཐོ་ཤོས་བཏོད་ཡོད།
དཔལ་འབྱོར་འཁོར་རྒྱུག་སྔར་བཞིན་རྙོག་འཛིང་ཆེ་བའི་དུས་བབ་འོག འདི་ལོའི་ལས་ཞུགས་འཕར་ཚད་ཀྱི་སྔོན་དཔག་དམིགས་ཚད་ན་ནིང་ལས་ཅུང་མཐོ་རུ་ཕྱིན་པས་དམངས་འཚོར་དོ་ཁུར་བྱེད་ཤུགས་ཆེ་བ་མཚོན་པ་དང་དཔལ་འབྱོར་བརྟན་པོ་འཕར་བའི་ཆོད་སེམས་སྔར་བས་མངོན་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ཁག་གནད་སྨིན་ཞིབ་ཚགས་ཡོང་བར་ཤུགས་སྣོན་བརྒྱབ་ནས། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་དང་ལས་ཞུགས་ཐུབ་ཚད་མང་དུ་བཏང་ནས་དམངས་འཚོའི་དོན་ཆེན་ཨང་དང་པོ་འདིར་དམ་འཛིན་ཏན་ཏིག་བྱེད་དགོས།
ཁེ་ལས་བརྟན་པོ་བྱུང་ན་གཞི་ནས་ལས་ཞུགས་བརྟན་པོ་འོང་ཐུབ། ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་སྲིད་ཇུས་སྔར་བས་ལེགས་སྒྲིག་དང་ལེགས་སུ་བཏང་ནས་ལས་ཞུགས་ཐུབ་ནུས་ཆེ་བའི་ཞབས་ཞུའི་ལས་རིགས་དང་། ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས། ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ཀྱི་ལས་གནས་བརྟན་པོ་དང་རྒྱ་སྐྱེད་གཏོང་བར་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། གཅིག་ནས་གཉེར་སྐྱོང་བྱེད་པོར་ཕན་པ་སྐྲུན་དགོས་ལ། གཉིས་ནས་ངལ་རྩོལ་བ“བློ་བདེ་བག་ཕེབས”ཡོང་བར་བྱེད་དགོས།
མཐོ་སློབ་སློབ་ཐོན་སློབ་མ་ནི་རྒྱལ་ཁབ་ཀྱི་རྒྱུ་ནོར་རྩ་ཆེན་རེད། ཞིང་པ་ལས་མི་ནི་རྒྱལ་ཁབ་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། གཞོན་ནུ་སོགས་ཀྱི་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་ནི་སྤྱི་ཚོགས་ཀྱིས་གླེང་མང་བའི་གནད་དོན་ཞིག་རེད། ད་རེས་ཀྱི་ཚོགས་འདུ་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་གྲོས་བསྡུར་བྱེད་པའི་དོ་གནད་ཅིག་ཀྱང་རེད། ཁྲོམ་ར་ཅན་དང་སྤྱི་ཚོགས་ཅན་གྱི་ལས་ཞུགས་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཁེ་ལས་སྣ་ཚོགས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་སོགས་ཀྱི་ལས་ཞུགས་གོ་སྐབས་རྒྱ་སྐྱེད་བཏང་ནས། མི་ནུས་གང་ཡོད་འདོན་པའི་བར་མཐོངས་བསྐྲུན་ཏེ། མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་པ་ལས་མི། ལྷག་པར་དུ་དབུལ་གྲོལ་མི་འབོར་སོགས་ཀྱི་གཙོ་གནད་ཚོགས་སྤྱིར་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་ནས་དཀའ་ངལ་ཡོད་མཁན་གྱི་དམངས་འཚོའི་མཐའ་ཚད་ཐ་སྐྱོང་དང་བརྟན་དུ་གཏོང་དགོས།