དབུ་ཤོག>ཆེད་སྒྲིག
  • མི་དམངས་ཚོགས་ཁང་ཆེ་མོར་སྐྱོད་མཁན“བོད་ཀྱི་བཟོ་བོ”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2023-03-11

    འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་ཉི་མས་མི་དམངས་ཚོགས་ཁང་ཆེ་མོའི་མདུན་དུ་དྲན་རྟེན་པར་སྐྱོན་བཞིན་པ།

    བཀྲ་ཤིས་ཉི་མར་རྒྱུས་མངའ་ཡོད་པའི་མི་ཚང་མས་སྒམ་ནན་གྱི་བོད་རིགས་ཕོ་གཞོན་དེར་མཛའ་བརྩེའི་ངང“བཟོ་བོ”ཞེས་འབོད་ཀྱི་ཡོད།

    དེ་ལྟར་འབོད་པའི་རྒྱུ་མཚན་ནི་2018ལོར་ཁོང་ལ“བོད་ཀྱི་བཟོ་བོའི”མཚན་སྙན་ཐོབ་པ་མ་ཟད། ཁོང་གི་ལས་ཀའི་ཁྲོད་ཀྱི་ངང་རྒྱུད་རིང་ལ་ཞིབ་ཚགས་པའི་གཤིས་སྤྱོད་ལས་ཉེ་འགྲམ་གྱི་མི་དང་ལྷག་པར་དུ་ལས་རོགས་ཚོ་བློ་བདེ་པོ་ཡོང་གི་ཡོད་པའི་གཤིས་སྤྱོད་ཡིན།

    “ཁོང་ནི་རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིའི་གྲོང་ཁུལ་གྱི་གློག་འདོན་ཞབས་ཞུ་ལྟེ་གནས་ཀྱི་གློག་ལྡན་ལས་སྒྲུབ་གློག་འགན་ལེན་པན་གྱི་པན་ཀྲང་གཞོན་པ་རེད། པན་ནང་མི་གསར་པ་ཧ་ཅང་མང་པོ་ཡོད་མོད། འོན་ཀྱང་ཕྱིར་ལས་ཀ་བྱེད་པར་སྐྱོད་སྐབས་བཟོ་བོ་ཁོང་ཡོད་ཚེ་ཁོང་ཚོ་ཚང་མ་བློ་བདེ་པོ་ཡོང་གི་འདུག”ཅེས་གློག་ལྡན་ལས་སྒྲུབ་གློག་འགན་ལེན་པན་གྱི་པན་ཀྲང་ཝང་ཤིན་ཤིན་གྱིས་བཤད།

    བོད་ཀྱི་ས་བབ་མཐོ་བའི་ཁུལ་གྱི་གློག་ལྡན་ལས་སྒྲུབ་མི་སྣ་ཨང་དང་པོ་ཡིན་པའི་ངོས་ནས་ཚ་གདུག་ཆེ་བའི་དབྱར་ཁ་དང་གྲང་ངར་ཆེ་བའི་དགུན་ཁ་གང་ཞིག་ཡིན་རུང་བཀྲ་ཤིས་ཉི་མས་གློག་གཅོད་གཞོང་འཁོར་གྱི་སྤྲིན་སྐས་ཐོག་འཛེགས་ནས་གློག་ལྡན་མཐོ་གནོན་གློག་སྐུད་ཀྱི་སྐྱོན་སྣ་ཚོགས་སེལ་གྱི་ཡོད། གློག་ལྡན་ལས་སྒྲུབ་བྱས་ནས་ལོ་30ཡི་རིང་ཁྱིམ་ཚང་ཁྲི་སྟོང་མང་པོར་འོད་སྣང་སྦྱིན་ཡོད།

    བློ་རྩེ་གཅིག་ཏུ་གཞོལ་ནས་རྒྱུན་ཆད་མེད་པར་ཡག་ཐོག་ཡག་རྩེག་ཡོང་བར་བྱེད་མཁན་བཀྲ་ཤིས་ཉི་མ་འདི་ལོ་གཟི་བརྗིད་ལྡན་པའི་ངང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིར་བདམས་ཐོན་བྱུང་ཡོད།

    གློག་ལྡན་ལས་ཀ་བྱེད་པར་དཀའ་ལས་ཁག་ཤོས་ནི་མཁའ་དབྱིངས་སུ་ལས་ཀ་བྱེད་རྒྱུ་དེ་མ་ཡིན་པར་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་རྒྱུན་སྲིང་ལྷོད་མེད་ཀྱིས་བརྟན་སྲུང་བྱེད་རྒྱུ་དེ་རེད། རྒྱུན་གཏན་གྱི་ལས་ཀའི་ཁྲོད་བཀྲ་ཤིས་ཉི་མ་ནི་སྐད་གྲགས་ཆོད་པའི“བཟོ་བོ”ཞིག་ཡིན་པ་དང་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་ལས་ཀ་བྱས་ནས་ལོ་30སོང་རིང་སྔ་ཕྱི་བར་གསུམ་དུ་བདེ་འཇགས་ལས་སྒྲུབ་བྱེད་ཚད་ཧ་ཅང་མཐོ་པོ་རྒྱུན་འཁྱོངས་ཐུབ་ཡོད། ད་ཆ་ཁོང་གིས“བཟོ་བོའི་སྙིང་སྟོབས”དེ་བརྟག་ཞིབ་ལས་སྒྲུབ་ཁྲོད་ཁྱབ་པར་བྱེད་ཀྱི་ཡོད། ལས་ཀའི་དགོས་མཁོའི་དབང་གིས་བཀྲ་ཤིས་ཉི་མ་རྟག་ཏུ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཡུལ་མི་ཚོ་དང་ཅི་འཕྲོས་མོལ་འཕྲོས་བྱེད་དགོས་ཀྱི་ཡོད། ཞིང་འབྲོག་ཁུལ་གྱི་གློག་དྲ་རིམ་སྤོར་སྒྱུར་བཀོད་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་སོགས་ཀྱི་གནད་དོན་ཡང་ཁོང་གིས་དོ་ཁུར་ཆེན་པོ་བྱ་ཡུལ་དུ་གྱུར་ཡོད། ད་རེས་ཀྱི་ཚོགས་འདུ་གཉིས་ནང་ཡག་པོ་ཞུགས་ཆེད་ཁོང་གིས་ད་དུང་ཆེད་མངགས་སྡེ་ཁུལ་དང་། ཁེ་ལས། གཙོ་གནད་རྣམ་གྲངས་བཅས་ལ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་བསྐྱོད་པ་དང་། གྲོང་ཚོར་བཅའ་སྡོད་བྱ་ཡུལ་དུ་བསྐྱོད་དེ་ཞིང་འབྲོག་པའི་འདོད་བློ་གསན་པ་དང་། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་དང་དཀའ་གནད་ཤེས་རྟོགས་གནང་བ། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་པ་དང་བསྡུ་ལེན་བཅས་གནང་སྟེ་ཚོགས་ཆེན་ལ་ཞུགས་པ་དང་གྲོས་ཞིབ་ནང་ཞུགས་པར་དཔྱད་གཞི་འཚོལ་བསྡུ་གནང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།