“བརྟན་པོ་གསུམ”གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་སྤྱི་ཚོགས་ཀྱི་བསམ་པའི་སྔོན་དཔག་ལེགས་སུ་གཏོང་བ་དང་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་གཏོང་བའི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་ལ། དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་ལེགས་སུ་གཏོང་བའི་རྩ་བའི་བླང་བྱ་ཞིག་ཀྱང་རེད། འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ་བཅས་ཡོང་བ་བྱ་རྒྱུ་ནི་འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་འཐུས་མི་དང་ཨུ་ཡོན་ཚོས་དོ་ཁུར་གནང་སའི་གནད་དོན་ཞིག་རེད།
སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ་དང་ཁྲོམ་རའི་གདེང་ཚོད་ཆེ་རུ་ཤུགས་ཆེན་བཏང་ནས་ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཟུང་འབྲེལ་ནུས་ལྡན་བྱས་ཏེ་འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ་བཅས་ཀྱི་ལས་དོན་མངོན་གསལ་དོད་པོས་ཡག་པོ་སྒྲུབ་དགོས་ཞེས་བཏོན་ཡོད།
བརྟན་བགྲོད་བྱུང་ན་གཞི་ནས་རྒྱང་འཁྱོལ་ཡོང་ཐུབ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་ཝང་ཆང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ནུས་ཤུགས་ཡོད་རྒུས་འཕར་སྣོན་བརྟན་པོ་ཡོང་བ་དང་། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་དོན་འཁྱོལ་ཧུར་ཐག་བྱེད་པ། མ་འཇོག་གི་འགག་རྩའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་། གྲོང་ཁྱེར་གསར་སྒྱུར། གྲོང་གསེབ་འཛུགས་སྐྲུན། དམངས་འཚོ་ལེགས་གཏོང་སོགས་གྲོང་ཁྱེར་རིམ་པའི་གཙོ་གནད་རྣམ་གྲངས་93གྱིས་སྣེ་འདྲེན་བྱས་ནས་ཚོང་འགུགས་མ་འདྲེན་གྱི“ཉིན་བརྒྱའི་འགག་སྒྲོལ”ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ་ལོ་ཧྲིལ་པོར་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ལ་ཚད་བརྒལ་ཆེན་པོ་ཡོང་བ་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག་ཁྱད་ལྡན་ཐོན་ལས་གང་མགྱོགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་ནུས་རྒྱུ་གཙང་མ་དང་གྲངས་འཛིན་དཔལ་འབྱོར་གྱི“མི་མངོན་པའི་སྟོབས་ཤུགས་གཉིས”སྔོག་འདོན་ཧུར་ཐག་བྱས་ཏེ་འོད་ཤུགས་དང་རླུང་ཤུགས་སོགས་ནུས་རྒྱུ་གཙང་མའི་རྣམ་གྲངས་ལ་མ་འཇོག་གསར་སྤེལ་དང་འབྲི་གུང་དང་རྨམ་པ་སོགས་ཆུ་འཐེན་ནུས་གསོག་གློག་ཁང་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་མ་ཟད། རྒྱལ་ཡོངས་ཀྱི་དངུལ་རྩའི་ཁེ་ལས་དང་འཕྲིན་གཏོང་ཁེ་ལས་ཆེ་གྲས་ཀྱིས་གྲངས་གཞི་གསོག་ཉར་ལས་སྒོ་དང་རྩིས་རྒྱག་སྟོབས་ཤུགས་ལྟེ་གནས་ལྷ་སར་སྤོ་སྒྱུར་བྱེད་པའི་བརྩོན་ལེན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གསུངས།
ཟོག་གོང་བརྟན་པོ་ཡོང་བར་དམིགས་ནས་ཝང་ཆང་གིས། ནས་དང་། སྔོ་ཚལ། སྒོ་ང་། འོ་མ་སོགས་འཚོ་བའི་མཁོ་ཆས་ཐོན་སྐྱེད་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ནས་འབྲི་གཡག་སོགས་ཕྱུགས་རིགས་ཆེ་གྲས་བཤས་གཏོང་ཚད་རྒྱུན་ཆད་མེད་པར་མང་དུ་གཏོང་རྒྱུ་ཡིན། རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་འབྲུ་རིགས་དང་འཕྲལ་སྡོམ་དངོས་ཟོག་གསོག་འཇོག་ལྟེ་གནས་གང་མགྱོགས་སྐྲུན་པ་དང་། འབྲུ་རིགས་གྲབས་གསོག་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་ནས་མང་ཚོགས་ཀྱི“ཟ་འབྲུ”དང“ཤ་ཚལ་སྒོང་གསུམ”སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ལིང་ཧྥུང་ཟོག་འགྲེམས་གླིང་ལྟེ་བར་བྱས་ནས་ལྗོངས་ཕྱི་ནང་གི་ཟོག་འགྲེམས་བགྲོད་ལམ་ཤར་གཏོང་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་འཁོར་སྐྱོད་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཐོན་སྐྱེད་དང་འཚོ་བའི་དངོས་ཟོག་གལ་ཆེན་དུས་ཐོག་དང་འདང་ངེས་བཞིན་མཁོ་སྤྲོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས།
ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་དེ་རེད། ན་ནིང་ཟླ་9པར། “རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཤེས་ལྡན་མི་སྣ་དྲ་ཐོག་ཏུ་ཡོད”ཅེས་པའི་བོད་ཀྱི་ཆེད་མངགས་ལས་མི་བསྡུ་བའི་ལས་སྟེགས་ཐོག་སྤེལ་བའི་དྲ་ཐོག་ཐད་གཏོང་བྱེད་སྒོར་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མས་ཧུར་ཐག་ཞུགས་ནས་རང་ཉིད་ཀྱི་བློ་ལ་བབས་པའི་ལས་གནས་བཙལ་བ་རེད། རིམས་ནད་ཀྱིས་ལས་ཞུགས་ལ་ཤུགས་རྐྱེན་ཐེབས་པའི་གནས་བབ་འོག་རང་ལྗོངས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་ལས་ཞུགས་ཀྱི་ལས་མི་བསྡུ་བའི་དྲ་བ་དང་། “བོད་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་ར” “བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས”སོགས་སྐད་འཕྲིན་གྱི་སྤྱི་རྟགས་གང་ལེགས་སྤྱད་དེ་ལས་མི་བསྡུ་བའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་དང་། “དྲ་ཐོག་ཏུ་ངོ་རྒྱུགས་སྤྲོད་པ”དང་། “སྔོན་ལ་ལས་གནས་སུ་ཞུགས་པ་དང་རྗེས་སུ་རྒྱུགས་སྤྲོད་པ” “ཚོགས་སྒྲིག་རྣམ་པའི”ལས་ཞུགས་སོགས་བྱེད་ཐབས་སྣ་ཚོགས་སྤྱད་ནས་ལྗོངས་ཕྱིའི་ལས་ཞུགས་ཀྱི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་བཏང་བ་རེད།
སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། གཞོན་ནུ་དང་ལྷག་པར་དུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས་ཞེས་བཏོན་ཡོད།
ཝང་ཆང་གིས། ལྷ་ས་གྲོང་ཁྱེར་གྱིས་ལོ་འདིའི་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་མང་ཚོགས་སོགས་ཀྱི་ཚོགས་སྤྱི་གཙོ་གནད་དུ་བྱས་ཏེ། 《རྒྱལ་ཁབ་ཀྱི་རྒུད་གསབ་ལས་སྤྲོད་ཀྱི་དོ་དམ་བྱ་ཐབས》ལག་བསྟར་ནན་པོ་དང་། ཞིང་འབྲོག་མང་ཚོགས་ལ་འཚམ་པའི་ལས་ཀ་གསར་སྤེལ་ཧུར་ཐག གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་གཅིག་ཀྱང་ཐུབ་མེད་པའི་ཁྱིམ་ཚང་ནས་ཉུང་མཐར་མི་གཅིག་ལས་ཞུགས་ཐུབ་པ་རྒྱུན་འཁྱོངས་བཅས་བྱས་ཏེ། ལོ་འདིའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐུབ་ཚད་མི་ཁྲི་1.35གསར་དུ་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད་5%ནང་ཚུན་དུ་ཚོད་འཛིན་བཅས་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གསུངས།
མཐོ་སློབ་ཀྱི་སློབ་གསོ་དང་ཚན་ཞིབ་ལས་ཀ་ལོ་མང་བྱེད་མྱོང་བའི་གསར་དུ་བསྐོ་གཞག་བྱས་པའི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་ཡོན་ཀྲང་གཞོན་པ། བོད་ལྗོངས་སློབ་ཆེན་ས་མཐོའི་བདེ་ཐང་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཁུར་བ་བཅས་ཡིན་པའི་པ་སངས་སྒྲོལ་མས་ཉེ་བའི་ལོ་ཤས་རིང་རང་ལྗོངས་སུ་ཐོན་པའི་ལས་ཞུགས་དཀའ་བའི་གནད་དོན་ལ་རང་ཉིད་ཀྱིས་བསམ་ཚུལ་དང་གྲོས་འགོ་བཏོན་གནང་ཡོད། ཁོང་གིས། ད་ཆའི་ཅུང་ཛ་དྲག་པའི་ལས་ཞུགས་དུས་བབ་ལ་དམིགས་ཏེ་སློབ་ཆེན་སློབ་མས་རིག་པ་དྭངས་གསལ་དང་དངོས་མཐུན་གྱི་སེམས་ཁམས་འཛིན་པ་དང་། རང་ཉིད་ལ་ངོས་འཛིན་ཡང་དག་བྱེད་པ། ཚན་རིག་དང་མཐུན་པའི་ངང་སྔོན་དཔག་དོ་དམ་བཅས་བྱས་ནས་མི་སྒེར་གྱི་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་དགོས་མཁོ་ཟུང་འབྲེལ་དམ་ཟབ་ཀྱིས་རང་ཉིད་ཀྱིས་སྦྱངས་པའི་ཆེད་ལས་ལ་བརྟེན་ནས་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ་དང་འབྱུང་འགྱུར་ལ་བརྩོན་ལེན་ཧུར་ཐག་བྱེད་དགོས་ཞེས་གསུངས།
2013ལོའི་ཟླ་10པར། སྤོ་བོ་ནས་མེ་ཏོག་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་ནས་མེ་ཏོག་རྫོང་དུ་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། 2021ལོར་མེ་ཏོག་ཏུ་འགྲོ་འོང་བྱེད་པའི་གཞུང་ལམ་གཉིས་པ་སྟེ། ཕད་གྲོང་རྡལ་ནས་མེ་ཏོག་བར་གྱི་གཞུང་ལམ་ཧྲིལ་པོ་ཤར་གཏོང་ཐུབ་ཡོད། གཞུང་ལམ་གཅིག་རྗེས་གཉིས་མཐུད་ངང་ཤར་གཏོང་ཐུབ་པ་དེས་མེ་ཏོག་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ནས་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ཐབས་ལམ་དེ་བས་མང་བ་མཁོ་འདོན་ཐུབ་ཡོད།
“ད་ཆ་མང་ཚོགས་མི་ཉུང་བ་ཞིག་གིས་འགྲུལ་ཁང་དང་ཞིང་པའི་སྤྲོ་སྐྱིད་ཁང་བཙུགས་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག རང་ཁྱིམ་ནས་ཐོན་པའི་སྔོ་ཚལ་དང་ཤིང་འབྲས་དང་ཞིང་འབྲོག་ཐོན་རྫས་ཀྱང་བཙོངས་ཀྱི་ཡོད་པ་རེད། ད་དུང་སློབ་ཆེན་སློབ་མ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་ཀྱི་ཡོད། ད་ཆ་མི་ཚང་མའི་བསམ་བློར་འགྱུར་ལྡོག་ཕྱིན་ནས་སློབ་ཆེན་སློབ་མས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་ཏེ་མཛེས་སྡུག་ལྡན་པའི་ཕ་ཡུལ་བསྐྲུན་པར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡོད་པས། མེ་ཏོག་གི་འཕེལ་རྒྱས་ངོས་ནས་བརྗོད་ན་ཧ་ཅང་ཡག་པོ་ཞིག་རེད”ཅེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པད་མ་གཡུ་སྒྲོན་གྱིས་གསུངས།