ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བསམ་གྲུབ་གླིང་འཛུགས་སྐྲུན་རྒྱུ་ཆའི་ཁྲོམ་རར། བདེ་སྐྱིད་དང་ནང་མིས་བང་ཁྲི་བཟོ་བའི་རྒྱུ་ཆ་འདེམས་བཞིན་ཡོད། “ཁྱིམ་གྱི་བང་ཁྲིའི་ཤུག་ལྕོག་དང་སྒམ་ངོས་འཕྲོ་བརླག་ཕྱིན་ནས་ཡུན་རིང་ཕྱིན་སོང་། ཉེ་བའི་ལོ་གཉིས་རིང་རིམས་ནད་ཀྱིས་རྐྱེན་པས་བཟོ་པ་འགྲོ་འོང་སྟབས་བདེ་མེད་སྟབས་འགྱངས་དགོས་བྱུང་། ད་ཆ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་ལེགས་སྒྲིག་བྱས་པས་ནང་མི་དང་མཉམ་དུ་བང་ཁྲི་ཉོ་བར་ཡོང་བ་ཡིན”ཞེས་བདེ་སྐྱིད་ཀྱིས་བཤད།
བདེ་སྐྱིད་དང་འདྲ་བར་ཉེ་དུས་ཁྱིམ་ཆས་གསར་པ་བརྗེ་མཁན་གྱི་འཛད་སྤྱོད་པ་མང་པོ་ཡོད། འཛུགས་སྐྲུན་རྒྱུ་ཆའི་ཁྲོམ་ར་ཙམ་མ་ཟད། ལྷ་ས་དོན་གྲུབ་དངུལ་རྩའི་གྲོང་གི་ཧུང་ཤིང་མེ་ཁའེ་ལུང་ཚོང་རར་འཛད་སྤྱོད་པ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། ཁྱིམ་ཆས་ཚོང་ཁང་ཞིག་གི་སྦྱིན་བདག་ལི་ལགས་ཀྱིས་གསར་འགོད་པར“ལོ་གསར་པའི་ལོ་སྟོད་དུ་འཛད་སྤྱོད་པ་མངོན་གསལ་དོད་པོས་མང་དུ་ཕྱིན་འདུག མིག་སྔར་ཐབ་ཚང་དང་གསང་སྤྱོད་ཀྱི་རྒྱུ་ཆ་དང་ཆ་སྒམ་སྔོན་མངགས་བྱེད་མཁན་མང་ཤོས་རེད་འདུག་ལ། ད་དུང་ང་ཚོས་སྐབས་འགར་དྲ་ཐོག་ཕྱིར་ཚོང་གི་ཞབས་འདེགས་ཞུ་ཡི་ཡོད་པས་བྲིན་པོ་འདུག དེས་མ་ཟད་སྲིད་གཞུང་གི་འཛད་སྤྱོད་གཟིགས་སྐྱོང་འཛིན་ཤོག་སྤྲོད་པ་སོགས་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་བཏོན་པས་གྲོང་མིའི་འཛད་སྤྱོད་བྱེད་སེམས་ཆེ་རུ་ཕྱིན་འདུག ད་ལྟའི་སྣང་ཚུལ་ལ་བལྟས་ན། ད་ལོ་ང་ཚོར་ཚོང་ཡག་པོ་ཡོང་བར་འདུག”ཅེས་བཤད།
ཁྱིམ་ཆས་ལྟ་བུའི་སྲོལ་རྒྱུན་གྱི་འཛད་སྤྱོད་ཁྲོམ་ར་དེ་རིཌ་ཕུད། འདི་ལོ་རང་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་ཁྲོམ་ར་ཡང་འགོ་འཛུགས་བཀྲ་ཤིས་བྱུང་ཡོད། ལུཌ་རྙིང་ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་ཉིན་ནས་བཟུང་། “ལྷ་ས+ཉིང་ཁྲི+བྲག་གསུམ་མཚོ+ཡར་ཀླུང་གཙང་པོའི་རོང་ཆེན+ཀླུ་ནང་ནགས་ཚལ+མཁའ་ལྡིང་གྲོག་རོང་མཛེས་ལྗོངས་ཁུལ”བཅས་ཀྱི་ཉིན་3མཚན་2ཀྱི་ཚོགས་འགྲོཌ་ཡུལ་སྐོར”བྱེད་སྒོ་དེ་རྒྱལ་ནང་གི་ཡུལ་སྐོར་མང་བའི་ལམ་ཐིག་ཏུ་གྱུར་ཡོད།
ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་མཛེས་ལྗོངས་ཁུལ་དོ་དམ་ཨུ་ལྷན་གྱི་ལས་མི་ཀྲེང་ཧྲེང་རི་ཡིས“ལས་གཉེར་སླར་གསོ་བྱས་ཚུན་ང་ཚོའི་འདི་གར་ཡུལ་སྐོར་བ་རིམ་གྱིས་མང་དུ་སོང་བ་མ་ཟད། ས་ཆ་གཞན་གྱི་ཡུལ་སྐོར་བ་དང་ཡུལ་སྐོར་ཚོགས་པའང་མི་ཉུང་བ་ཞིག་སླེབས་སོང་། ཉིང་ཁྲིའི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ལ་དམིགས་བསལ་ཁྱད་ཆོས་ལྡན་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལེགས་སྒྲིག་བྱས་པ་དང་བསྟུན་ནས། རིག་གནས་དང་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་སླར་གསོ་དང་ཕྱོགས་ཡོངས་ནས་བསྐྱར་དར་ཡོང་བའི་ཡིད་ཆེས་ཡོད། ད་ཆ་ང་ཚོས་གོ་སྐབས་དམ་འཛིན་བྱས་ནས་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ་མགྱོགས་མྱུར་ཁྲོམ་ར་བཟུང་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།
ཡུལ་སྐོར་བ་མང་དུ་སོང་བ་དང་སྦྲགས་ཚོང་ཡང་བྲིན་ཁ་རྒྱུག་ཏུ་ཕྱིན་ཏེ་མཛེས་ལྗོངས་ཁུལ་འཁྲུག་ཆ་དོད་དུ་ཕྱིན་པས། འཛད་སྤྱོད་ཀྱི་སེམས་ཤུགས་འཕེལ་བ་དང་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་ཆེ་རུ་སོང་སྟེ་རང་ལྗོངས་ཀྱི་འཛད་སྤྱོད་ཁྲོམ་ར་དེ་སྔ་བཞིན་སླར་གསོ་མགྱོགས་པོ་ཡོང་བཞིན་ཡོད།