རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཐོག ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གི་དུམ་བུ་དེས་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་བོད་ལྗོངས་ཀྲུང་ཡོན་ཨར་ལས་རྒྱུ་ཆ་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་སྒྲོལ་དཀར་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།
སྒྲོལ་དཀར་གྱིས“ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ཕན་ཡོད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བའི་བྱེད་ཐབས་མི་ཉུང་བ་ཞིག་བཏོན་ནས། ཁྲོམ་རའི་བྱེད་པོས་སྲིད་ཇུས་ཀྱི་ཕན་པ་ལོངས་སྤྱོད་གང་ལེགས་ཐུབ་ཡོད། ང་ཚོའི་ཀུང་སི་ཡང་ཕན་པ་ཐོབ་པའི་གྲས་ཤིག་ཡིན། ངའི་བསམ་པར་སླད་ཕྱིན་ད་དུང་རྒྱུན་ཆད་མེད་པར་མ་དངུལ་གཏོང་བ་དང་མ་རྩ་མཉམ་འདྲེས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། སྲིད་གཞུང་གི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱེད་པ། གསར་གཏོད་ལ་མ་དངུལ་གཏོང་བའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྣམ་གྲངས་ལ་མ་དངུལ་གཏོང་བ་དང་མ་རྩ་མཉམ་འདྲེས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་མཁས་ཅན་གྱི་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་བཅས་བྱས་ཚེ། གཞི་ནས་ཕན་ཡོད་ཀྱི་མ་དངུལ་གཏོང་རྒྱ་ཆེ་རུ་གཏོང་ཐུབ”ཅེས་གསུངས་པ་དང་ཁོང་གིས་རང་ངོས་ཀྱི་ལས་ཀའི་ཉམས་མྱོང་དང་ཟུང་འབྲེལ་དང་། བརྟག་ཞིབ་ནན་ཏན། ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་རྗེས། འདི་ལོ《མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དམངས་གཉེར་ཁེ་ལས་མཁས་ཅན་གྱི་ཡིད་ཆེས་འཕེལ་བར་བྱེད་དགོས》ཞེས་པའི་གྲོས་གཞི་བཏོན་ནས། ཁེ་ལས་ལ་སྣེ་ཁྲིད་ཀྱིས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་གནང་གི་ཡོད།
སྒྲོལ་དཀར་གྱི་གྲོས་གཞི་ནི་རང་ལྗོངས་ཀྱི་ཁེ་ལས་མཁས་ཅན་མང་པོའི་སེམས་གཏིང་གི་སྐད་ཆ་རེད། 2022ལོར་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་ལྗོངས་ཀྱིས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་བ་དང་། ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་པ། དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་སྦབ་ཆ་གཅིག་འདང་ངེས་དང་བེད་སྤྱོད་ཡག་པོ་བྱས་ནས། ཁྲོམ་རའི་བྱེད་པོ་སྣ་ཚོགས་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་116.7རྩ་ཆག་ཆག་ཡང་དང་ཕྱིར་བསློགས་པས་ཁྲོམ་རའི་བྱེད་པོའི་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་ཕྱིན་ཏེ་སྤུས་འབོར་མཐོ་རུ་དང་དཔལ་འབྱོར་བརྟན་དུ་ཕྱིན་ཡོད།
མང་ཚོགས་བློ་ཡིད་ཚིམ་པ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་མི་སེར་དཀྱུས་མའི་ཁེ་དབང་ཁག་ནི་གསར་དུ་བསྐོ་གཞག་བྱས་པའི་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཝུའེ་པོ་ཕིང་གིས་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱེད་ས་ཞིག་རེད། ཁོང་གིས“ཉེ་བའི་ལོ་ཤས་རིང་ང་ཚོས་ལྗོངས་ནང་ཁུལ་གྱི་མཁའ་ལམ་དྲ་རྒྱའི་བཀོད་པ་མུ་མཐུད་ལེགས་སུ་བཏང་ནས། ལྷ་ས་ནས་པེ་ཅིང་སོགས་དབར་གྱི་མཁའ་ལམ་རྩེ་གྲ་བཏོད་དེ་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་སྤ་སེའི་རིན་གོང་ལོ་འཁོར་མོར་ཕྱེད་ཀ་གཅོག་པའི་གཟིགས་སྐྱོང་སྲིད་ཇུས་ཁྱབ་གདལ་ཤུགས་ཆེན་བཏང་ནས། བོད་ནས་འགྲོ་འོང་བྱེད་པའི་ཛ་དྲག་སྨན་བཅོས་སྐྱེལ་འདྲེན་དང་རྒྱལ་སྲུང་འགན་ལེན་སྐྱེལ་འདྲེན་མང་ཆེ་བ་སོཌ་ཀྱི་ལས་འགན་གལ་ཆེན་ཁུར་ཡོད་ཅེས་གསུངས།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་པ་ཐུར་གྱིས“2023ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་བསྐྲུན་རྒྱུ་ཁྲིད་སྟོན་དུ་བྱས་ནས་ཞན་ཆ་སེལ་བ་དང་། རྨང་གཞི་བརྟན་གཏོང་། ལེགས་ཆ་དར་སྤེལ་བཅས་བྱས་ཏེ་གཙོ་གནད་ལས་དོན་ཁག་ལ་སྐུལ་འདེད་མྱུར་པོ་དང་། ཚད་བརྒལ་ཐུབ་པ། ཕན་འབྲས་ཐོན་པ་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་སྟེ། གཅིག་ནས་ཕན་ཡོད་ཀྱི་མ་དངུལ་གཏོང་ཚད་མགྱོགས་སུ་བཏང་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། གྲོང་ཁྱེར་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་16%ཡན་འཕར་རྒྱུའི་དམིགས་ཚད་ལ་གཞིགས་ཏེ། གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱིས་རྣམ་གྲངས་གལ་ཆེན་འགན་གཙང་ལེན་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཕན་ཡོད་ཀྱི་མ་དངུལ་གཏོང་རྒྱ་ཆེ་རུ་མྱུར་དུ་གཏོང་བ། སྲིད་གཞུང་གི་མ་དངུལ་གཏོང་བའི་རྣམ་གྲངས་གལ་ཆེན་420ལག་བསྟར་བཅས་བྱས་ནས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་139གཏོང་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་རྒྱུ་དང་། གཉིས་ནས་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། ཚོང་འགུགས་མ་འདྲེན་གྱི་སྤུས་ཚད་མཐོ་བའི་ངང་བྱ་སྤྱོད་སྟོད་སྨད་རྒྱུད་ཀྱི་འཆར་འགོད་བཟོ་བ་དང་། ཚོང་འགུགས་མ་འདྲེན་གྱི་ཉིན་བརྒྱའི་འགག་སྒྲོལ་བྱ་སྤྱོད་འཆར་གཞི་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་གལ་ཆེའི་རྣམ་གྲངས་ཀྱི་སྟོད་སྨད་རྒྱུད་ཀྱི་ཐོན་ལས་འཁོར་འབྲེལ་གྱི་བཀོད་ཇུས་ཇུས་འགོད་ནན་ཏན་བྱེད་པ། རྣམ་གྲངས་གལ་ཆེན་གྱི་ལེ་ལག་ཚང་བའི་འཛུགས་སྐྲུན་རྒྱུ་ཆའི་ཐོན་ལས་གླིང་འཆར་འགོད་འཛུགས་སྐྲུན་བྱེད་པ། ལས་རིགས་སྣེ་འདྲེན་མཐུན་སྦྱོར་དང་འབྲེལ་མཐུད་ཧུར་ཐག་བཅས་བྱེད་པ་དང་། གླིང་ཁུལ་དང་བོད་སྐྱོར་སོགས་གཞི་རྟེན་སྣ་ཚོགས་གསར་གཏོད་དང་བེད་སྤྱོད་ཡག་པོ་བྱས་ནས་ཚོང་འགུགས་འོས་སྦྱོར་གྱི་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་ཏེ། ཁེ་ལས་རྩེ་གྲ་ཁག་གཅིག་གི་ཡིད་དབང་བཀུག་ནས་རྣམ་གྲངས་རྩེ་གྲ་ཁག་གཅིག་དོན་འཁྱོལ་བྱས་ཏེ། ཚོང་འགུགས་མ་འདྲེན་གྱི་དོན་འཁྱོལ་མ་དངུལ་སྒོར་དུང་ཕྱུར་55ཡན་ཟིན་པའི་འགན་ལེན་བྱེད་རྒྱུ། གསུམ་ནས་ཁྲོམ་རའི་འཛད་སྤྱོད་ཀྱི་སྤུས་ཚད་དང་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། འཛད་སྤྱོད་རྒྱ་སྐྱེད་གཏོང་བའི་ཆེད་དོན་བྱ་སྤྱོད་ཀྱི་ཇུས་གཞི་བཟོ་བ་དང་ལག་བསྟར་བྱས་ཏེ་གུང་གསེང་གི་དཔལ་འབྱོར་དང་། དུས་ཆེན་གྱི་དཔལ་འབྱོར། མཚན་མོའི་དཔལ་འབྱོར་བཅས་འཕེལ་རྒྱས་གཏོང་བ་དང་། དེ་བཞིན་སྡོད་ཁང་དང་། ནུས་རྒྱུ་གསར་པའི་རླངས་འཁོར། རྒན་གསོའི་ཞབས་ཞུ་སོགས་ཀྱི་འཛད་སྤྱོད་མུ་མཐུད་འཕེལ་རྒྱས་བཏང་ནས་སྲིད་ཇུས་ཀྱི་ཕན་ནུས་བཟང་པོ་འདོན་སྤེལ་བྱེད་པ་དང་། ཡུལ་སྐོར་དང་འཛད་སྤྱོད་མཉམ་འདྲེས་འཕེལ་རྒྱས་གང་ལེགས་ཡོང་བར་བྱས་ནས། རྒྱལ་ཁབ་རིམ་པའི་ལྗོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་གྲོང་ཁྱེར་དང་རང་སྐྱོང་ལྗོངས་རིམ་པའི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་རྫོང་འཛུགས་གཏོད་བྱེད་མགྱོགས་སུ་གཏོང་བ། ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་དང་ཡར་ཀླུང་གཙང་པོའི་ཡུལ་སྐོར་རིག་གནས་དུས་ཆེན་ཡག་པོ་གཉེར་རྒྱུར་སྒྲིག་འཛུཌ་བྱེད་པ། བཟའ་བཅའ་བདེ་འཇགས་ཀྱི་དཔེ་སྟོན་ཁྲོམ་གཞུང་དང་ཉིང་ཁྲིའི་ཁྱད་ལྡན་ཞིམ་ཟས་ཁྲོམ་གཞུང་བསྐྲུན་པ་བཅས་བྱས་ནས་ཡུལ་སྐོར་འཛད་སྤྱོད་སླར་གསོ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་གི་ཡིན”ཞེས་གསུངས།