ཉིན་ཤས་གོང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་ཁྲིམས་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་གནང་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལག་ལེན་བསྟར་ནས་བརྟན་ཐོག་ཡར་འཕེལ་དང་། དམ་པ་དོན་གཉེར་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་གསུངས་དོན། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་ཁྲིམས་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་རྦད་དེ་མོས་མཐུན་ཡོད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་འགོ་ནས་མཇུག་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་བཅས་ཁྱབ་ཡོད་པ་དང་། གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ་དང་ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པ། སྔོན་དཔག་དམིགས་ཚད་དོན་དངོས་དང་མཐུན་ཞིང་མི་སེམས་ལ་སྐུལ་མ་ཐེབས་པ། ལས་འགན་གཙོ་བོའི་གཙོ་གནད་མངོན་གསལ་དོད་པ་དང་ཚན་རིག་དང་མཐུན་ཞིང་དངོས་སྒྲུབ་ལྡན་པ་བཅས་ཡོད་པས། ང་ཚོས་དུས་བབ་གསལ་རྟོགས་ཐུབ་པ་དང་གདེང་ཚོད་འཕེལ་ཏེ་བྱ་སྤྱོད་གཅིག་གྱུར་བྱུང་ཡོད། ཁྲིམས་འཛུགས་ཀྱི་བཟོ་བཅོས་འཆར་ཟིན་ནང་ཉམས་མྱོང་གསར་པར་ཕྱོགས་སྡོམ་དང་གྲུབ་འབྲས་གསར་པ་བསྡུ་ལེན་བྱས་ཡོད་པས་དུས་བབ་གསར་པ་དང་འཚམ་པ་དང་། བླང་བྱ་གསར་པ་མཚོན་པ། གནས་ཚུལ་གསར་པ་སྟངས་འཛིན། གནད་དོན་གསར་པ་ཐག་གཅོད་བཅས་བྱས་ཡོད་པ་དང་གཙོ་གནད་མངོན་གསལ་དོད་ཅིང་བཀོལ་སྤྱོད་རང་བཞིན་ཆེ་བས། ཆབ་སྲིད་ཀྱི་རང་བཞིན་དང་། དུས་རབས་ཀྱི་རང་བཞིན། མི་དམངས་ཀྱི་རང་བཞིན། དམིགས་སའི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ལོ་ལྔའི་རིང་དཀའ་ངལ་ཁྱད་བསད་བྱས་པས། གྲུབ་འབྲས་འོད་སྟོང་འབར་བ་ཐོབ་ཡོད། ལོ་ལྔའི་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་བརྗིད་ཆེའི་རྣམ་པ་བཟང་པོ་མངོན་པ་ལས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གང་ལེགས་མཚོན་ཡོད། བོད་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་མྱོང་ཚོར་ཟབ་ཤོས་བྱུང་ཡོད། ལོ་ལྔའི་རིང་བོད་ཀྱིས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་ནག་གི་གནད་དོན་བསལ་བ་དང་། དཔལ་འབྱོར་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ། མི་དམངས་ཀྱི་འཚོ་བ་ལོ་རྒྱུས་རང་བཞིན་གྱི་ལེགས་བཅོས་བྱུང་བ། སྐྱེ་ཁམས་སྲུང་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་ཤུགས་སྣོན་ཐེབས་པ། མཐའ་སྟོབས་མཐའ་དར་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ་བཅས་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་དང་འཕོ་འགྱུར་ཆེན་པོ་དེ་དག་ཚང་མ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་འཆར་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་བཏང་གནང་བའི་འབྲས་བུ་རེད། རྒྱང་ལམ་གསར་པའི་ཐོག་ང་ཚོས་ངེས་པར་དུ་མུ་མཐུད་བཀའ་མངགས་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་འབད་འབུངས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། བསྐྱར་དར་གྱི་ལམ་བུ་དང་ཡངས་པའི་ལམ་ཆེན་དུ་སྐྱོད་པར་བརྟན་ཐོག་ཡར་འཕེལ་དང་དམ་པ་དོན་གཉེར་དེ་བས་མཐའ་འཁྱོངས་བྱེད་དགོས་ཤིང་། ང་ཚོས་ངེས་པར་དུ་བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ཏེ་རྒྱུན་མཐུད་འབད་འཐབ་དང་། དཀའ་སྤྱད་འབད་འཐབ། ཡུན་རིང་འབད་འཐབ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་འཆར་གཞི་དེ་དོན་ཐོག་ཏུ་འཁྱོལ་བའི་འབད་བརྩོན་ཧུར་ཐག་བྱེད་དགོས།