
འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧྭ་ཏེ་སྨིས་བཞུགས་གནས་མགྲོན་ཁང་དུ་གྲོས་གཞི་གྲ་སྒྲིག་ནན་ཏན་བྱེད་བཞིན་པ།
ཧྭ་ཏེ་སྨི་ནི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་ཡོན་ཀྲང་གཞོན་པ་དང་སྨན་པ་དཀའ་བཅུ་པ་ཡིན་ལ། བོད་ཀྱི་བུད་མེད་གསོ་རིག་འབུམ་རམས་པ་ཞིག་ཀྱང་རེད།
སྨན་པ་གནང་བའི་ལོ་27རིང་། ཧྭ་ཏེ་སྨིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བློ་ལ་བརྟན་པོར་བཅངས་ནས“ཚེ་སྲོག་ལ་སྲུང་སྐྱོབ་དང་། སྲོག་སྐྱོབ་སྨན་བཅོས། ལེགས་སྐྱེས་འབུལ་འདོད་པ། གཅེས་སེམས་ཆེན་པོ་འཆང་བ”བཅས་ཀྱི་ལས་རིགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་འགན་འཁྲི་བསྒྲུབས་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་གངས་ལྗོངས་ས་མཐོར་འབད་འཐབ་བྱེད་མཁན་སྨན་དོན་མི་སྣ་ཞིག་གིས་རང་ཉིད་བློས་གཏོང་ཕོད་པའི་སྙིང་སྟོབས་ལ་བརྟེན་ནས་ཚེ་སྲོག་གི་རིན་ཐང་གང་ལེགས་མངོན་པར་བྱས་ཡོད།
2020ལོའི་ལོ་སྟོད་དུ་བོད་དུ་ཏོག་གསར་གློ་ཚད་ཕོག་མཁན་ཐོག་མ་དེ་བྱུང་བ་ནས་2022ལོའི་ཟླ་8པར་བོད་དུ་གློ་བུར་དུ་རིམས་ནད་ཐོན་པའི་བར། ཧྭ་ཏེ་སྨིས་ཐོག་མཐའ་བར་གསུམ་དུ་སྐྱོབ་བཅོས་ཚོགས་པའི་སྣེ་ཁྲིད་དེ་ནུས་ཤུགས་ཡོད་རྒུས་རིམས་ནད་ལ་ཁ་གཏད་བཅག་ནས་རང་ལྗོངས་ཀྱི་རིམས་ནད་འགོག་བཅོས་ལས་དོན་གྱི་འཐབ་ས་མདུན་མར་བསྐྱོད་དེ་ནད་པ་ཉེན་ཁ་ལས་བསྐྱབས་པ་རེད།
ལྷག་པར་དུ། ན་ནིང་ནས་བཟུང་ཧྭ་ཏེ་སྨིས་ལྗོངས་ཡོངས་ཀྱི་རིམ་ཁག་སྨན་བཅོས་འཕྲོད་བསྟེན་ལས་དོན་པ་དང་མཉམ་དུ་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་ཏེ་སེམས་ནུས་ཡོད་རྒུ་བོད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་བཏོན་ཡོད། ཆེད་ལས་ཀྱི་ཁྱད་ཆོས་འདོན་སྤེལ་གང་ལེགས་དང་། གནད་སྨིན་སྐྱོབ་བཅོས་མཐའ་འཁྱོངས། ནད་གཞིར་བརྡར་གཅོད་ཡང་དག་བཅས་བྱས་ནས་སྨན་བཅོས་ཇུས་གཞི་བཟོ་བའི་ནང་ཞུགས་པ་མ་ཟད་དུས་ཐོག་ཏུ་ལེགས་སྒྲིག་ཀྱང་བྱས་ཡོད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྙིང་བསྡུས་མཛད་པའི་ཚེ་སྲོག་གོང་དུ་བཀུར་བ་དང་། རྒྱལ་ཡོངས་བློ་སེམས་གཅིག་མཐུན། རང་སྲོག་བློས་གཏོང་། ཚན་རིག་ལ་བརྩི་འཇོག ལས་དབང་གཅིག་མཐུན་བཅས་ཀྱི་རིམས་འགོག་སྙིང་སྟོབས་རླབས་པོ་ཆེ་ནི། སྨན་བཅོས་ལས་དོན་པ་ཀུན་གྱིས་སློབ་སྦྱོང་ཡག་པོ་དང་དར་སྤེལ་གཏོང་དགོས་པ་ཞིག་ཡིན”ཞེས་ཧྭ་ཏེ་སྨིས་གསུངས།
སྐབས་གསར་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས་ཐོན་བྱུང་རྗེས། ཧྭ་ཏེ་སྨིས་གཟི་བརྗིད་ཚོར་ལ་དངངས་འཚབ་ཀྱང་སྐྱེས། ཁོང་གིས“ད་ལོ་ངས་གཙོ་བོ་སློབ་སྦྱོང་མང་ཙམ་བྱེད་སེམས་བཅངས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་ཏེ་སླད་ཕྱིན་ཨུ་ཡོན་ཞིག་གི་འགན་འཁྲི་སྔར་བས་ཡག་པོ་བསྒྲུབ་པར་རྨང་གཞི་བཟང་པོ་འདིང་རྒྱུ་ཡིན། མ་འོངས་པར་ངས་འགན་འཁྲི་འཁུར་སེམས་ཆེན་པོར་བརྟེན་ནས་དམངས་འཚོར་དོ་ཁུར་དང་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། རང་ཉིད་ཀྱི་ཆེད་ལས་ལེགས་ཆ་སྤྱད་ནས་མི་སེར་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་གསུངས།