ཟླ་3ཚེས་4ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི“ཨུ་ཡོན་བགྲོད་ལམ”གྱི་བཅར་འདྲིའི་བྱེད་སྒོ་ཐེངས་དང་པོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོའི་གསར་འགྱུར་ཡོངས་བསྒྲགས་ཚོམས་ཆེན་དུ་གཉེར་བ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བརྒྱད་ཀྱིས“ཨུ་ཡོན་བགྲོད་ལམ”དུ་ཕེབས་ནས་དེ་གར་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བ་རེད།
ཨུ་ཡོན་ཝུའུ་ཤང་ཏུང་གིས་གསུངས་དོན།
གཞོན་ནུ་ལོ་ཆུང་ལ་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་བའི་ཁྲིད་སྟོན་བྱེད་དགོས།
“ཀྲུང་གོ་གུང་ཁྲན་ཏང་ལོ་རྒྱུས་འགྲེམས་སྟོན་ཁང་གིས་ཁྱོན་ཡོངས་དང་། བརྒྱུད་རིམ་ཧྲིལ་པོ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ཏང་གི་ཟིལ་རླབས་དགུང་འཕྱུར་གྱི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་མངོན་པ་དང་། ཏང་གི་རྒྱུན་སྲིང་འབད་འཐབ་ཀྱི་ལོ་རྒྱུས་དང་། རང་སྲོག་བློས་གཏོང་བྱེད་པར་མི་སྐྲག་པའི་ལོ་རྒྱུས། དམངས་ལ་བདེ་སྐྱིད་སྐྲུན་པའི་ལོ་རྒྱུས། རང་ངོས་འཛུགས་སྐྱོང་གི་ལོ་རྒྱུས། རིགས་པའི་གཞུང་ལུགས་འཚོལ་ཞིབ་ཀྱི་ལོ་རྒྱུས་བཅས་མངོན་ཡོད”ཅེས་ཀྲུང་གོ་གུང་ཁྲན་ཏང་ལོ་རྒྱུས་འགྲེམས་སྟོན་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཀོན་ཀྲང་ཨུ་ཡོན་ཝུའུ་ཤང་ཏུང་གིས“ཨུ་ཡོན་བགྲོད་ལམ”དུ་བཅར་འདྲི་དང་ལེན་གནང་སྐབས་དེ་ལྟར་གསུངས།
ཨུ་ཡོན་ལི་ཧྲུའུ་ཧྥུའུ་ཡིས་གསུངས་དོན།
ཀྲུང་གོ་ལོ་8བསྟུད་མར་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་འཛམ་གླིང་ནས་ཨང་དང་པོར་སླེབས་ཡོད།
“ཀྲུང་གོ་ནི་འཛམ་གླིང་གི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་རྒྱལ་ཁབ་དང་འཛད་སྤྱོད་རྒྱལ་ཁབ་ཆེ་ཤོས་དེ་རེད་ལ། འཛམ་གླིང་གི་གཞི་ཁྱོན་ཆེ་ཤོས་ཀྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་རྒྱལ་ཁབ་ཀྱང་རེད། ན་ནིང་རང་རྒྱལ་གྱིས་ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི་67.9ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་120%འཕར་ཡོད”ཅེས་ཅི་ལི་མ་རྐང་ཚོད་འཛིན་ཚོགས་པའི་ཏུང་ཧྲི་ཀྲང་ཨུ་ཡོན་ལི་ཧྲུའུ་ཧྥུའུ་ཡིས“ཨུ་ཡོན་བགྲོད་ལམ”དུ་བཅར་འདྲི་དང་ལེན་གནང་སྐབས། ཀྲུང་གོ་ལོ་8བསྟུད་མར་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ཚོང་བྱེད་ཚད་འཛམ་གླིང་ནས་ཨང་དང་པོར་སླེབས་ཡོད་ཅེས་གསུངས།
ཨུ་ཡོན་ཐང་ཁྲང་ཧུང་གིས་གསུངས་དོན།
གནམ་གྲུ་ཆེན་པོའི“གསང་བའི་ཨང་རྟགས”ནི་རང་ཚུགས་རང་དར་དང་རང་རྟེན་གསར་གཏོད་རེད།
འདི་ལོ་ནི་སྐྱེལ་འདྲེན་གནམ་གྲུ་ཆེ་གྲས་སྐྱེལ་འདྲེན—20རྟགས་ཅན་འཕུར་འགོ་ཚུགས་ནས་ལོ་བཅུ་འགྲོ་ཡི་ཡོད་ཅེས་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་བཟོ་དབྱིབས་སྤྱི་ཁྱབ་ཇུས་འགོད་ཆེ་མོ་བ་ཨུ་ཡོན་ཐང་ཁྲང་ཧུང་གིས“ཨུ་ཡོན་བགྲོད་ལམ”དུ་རང་ཉིད་ཀྱི་ཉམས་མྱོང་དང་མྱོང་ཚོར་མཉམ་སྤྱོད་གནང་།
འབྱུང་འགྱུར་གྱི་འཕེལ་རྒྱས་སྐོར་གླེང་སྐབས། ཐང་ཁྲང་ཧུང་གིས་རྒྱལ་ཁབ་ཆེན་པོའི་མཆོག་ནོར་གཏོད་པའི་རྒྱང་ལམ་ཐོག་གསར་གཏོད་འཚོལ་ཞིབ་བྱེད་པའི་གོམ་སྟབས་མཚམས་འཇོག་མི་སྲིད་ཅེས་གསུངས།
ཨུ་ཡོན་མོང་མན་གྱིས་གསུངས་དོན།
དམངས་ཡོངས་དཔེ་ཀློག་གི་རྣམ་པ་ཟབ་མོ་ཆགས་པར་བྱེད་དགོས།
རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཕ་མ་དང་བུ་ཕྲུག་མཉམ་དུ་དཔེ་ཀློག་གི་ཁྱབ་གདལ་ཕོ་ཉ་ཡིན་པའི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཨུ་ཡོན་མོང་མན་གྱིས་དམངས་ཡོངས་དཔེ་ཀློག་སྐོར་གྱི་གསར་འགོད་པའི་དྲི་བར་ལན་སྐྱོན་སྐབས“ཚན་རིག་འཕེལ་རྒྱས་དང་ལག་རྩལ་ཡར་ཐོན་ཇི་ཙམ་ཕྱིན་ན་དཔེ་ཀློག་ལ་དེ་ཙམ་གྱིས་མཐོང་ཆེན་བྱེད་དགོས”དཔེ་ཀློག་གིས་མི་རྣམས་ལ་སྔར་ལས་ལྷག་པའི་ཚོར་འདུ་སྐྱེན་པོ་དང་དེ་བས་འགྱུར་མེད་ཀྱི་རིན་ཐང་ལྟ་བ་འཇགས་སྲིད་པས། དམངས་ཡོངས་དཔེ་ཀློག་གི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་རྒྱུ་དེས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་དེ་བས་ཟབ་པའི་རྨང་གཞི་འདིང་བ་དང་དེ་བས་ཆེ་བའི་སྟོབས་ཤུགས་མཁོ་འདོན་བྱེད་པར་ཕན་ཐོགས་ཡོད་ཅེས་གསུངས།
ཨུ་ཡོན་ཏའེ་པིན་གྱིས་གསུངས་དོན།
ཀྲུང་གོའི་ཡུལ་སྐོར་དེ་རང་སོའི་ཁྱད་ཆོས་དང་སྣ་མང་རང་བཞིན་ལྡན་པའི་དུས་རབས་སུ་སླེབས་ཡོད།
“ད་ལོའི་དཔྱིད་གསར་དུས་ཆེན་རིང་། རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་3.08དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་3758ཟིན་པའི་གྲངས་གཞིར་དྲ་ཐོག་ནས་ལྟ་མཁན་ཧ་ཅང་མང་པོ་བྱུང་ཡོད”ཅེས་ཀྲུང་གོ་ཡུལ་སྐོར་ཞིབ་འཇུག་ཁང་གི་ཡོན་ཀྲང་ཨུ་ཡོན་ཏའེ་པིན་གྱིས“ཨུ་ཡོན་བགྲོད་ལམ”དུ་གྲངས་གཞི་ཁག་གཅིག་བཏོན་གནང་བ་དང་། ཁོང་གིས“ཡུལ་སྐོར་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒྱུན་གཏན་གྱི་འཚོ་བར་ཁྱབ་ཡོད”ཅེས་གསུངས།
ཨུ་ཡོན་ཀྲང་ཝུན་ཧུང་གིས་གསུངས་དོན།
གཞི་རིམ་གྱི་འཕྲོད་བསྟེན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།
“འདས་པའི་ལོ་གསུམ་ནང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་ལེན་གང་ལེགས་བྱ་ཆེད། ཏང་ཀྲུང་དབྱང་གིས་དུས་བབ་དང་བསྟུན་ནས་རིམས་འགོག་སྲིད་ཇུས་ལེགས་སྒྲིག་བྱས་པས། ང་ཚོ་ན་ཚད་ཅུང་ཆེ་བ་དང་ཤི་ཚད་ཧ་ཅང་མཐོ་བའི་རིམས་ནད་ལས་ཐར་ཡོད”ཅེས་རྒྱལ་ཁབ་འགོ་ནད་གསོ་རིག་ལྟེ་གནས་ཧྭ་ཧྲན་སྨན་ཁང་གི་དགེ་རྒན་ཆེ་མོ་བ་ཨུ་ཡོན་ཀྲང་ཝུན་ཧུང་གིས“ཨུ་ཡོན་བགྲོད་ལམ”དུ་བཅར་འདྲི་དང་ལེན་གནང་སྐབས་དེ་ལྟར་གསུངས།
ཨུ་ཡོན་ཀུའུ་ཞུའེ་མིང་གིས་གསུངས་དོན།
“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།
“དུས་རབས་གསར་པ་ཤར་ཚུན། ང་ཚོས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་འཛུགས་སྐྲུན་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་ལམ་ལུགས་གསར་གཏོད་ལ་ཚད་བརྒལ་གསར་པ་རྒྱུན་ཆད་མེད་པར་བྱུང་བ་དང་། ‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་ལ་བརྟེན་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཐབས་ལམ་གསར་པ་རྒྱུན་ཆད་མེད་པར་བཏོད་ཡོད”ཅེས་ཚོང་དོན་པུའི་རྒྱལ་སྤྱིའི་ཚོང་དོན་དཔལ་འབྱོར་མཉམ་ལས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཨུ་ཡོན་ཀུའུ་ཞུའེ་མིང་གིས“ཨུ་ཡོན་བགྲོད་ལམ”དུ་བཅར་འདྲི་དང་ལེན་གནང་སྐབས། “དེ་ནི་རང་རྒྱལ་གྱི་ཆུ་ཚད་མཐོ་བའི་སྒོ་དབྱེའི་གསོན་ཉམས་དོད་པའི་ལག་ལེན་གྱི་མཚོན་ཚུལ་ཞིབ་ཕྲ་ཞིག་ཡིན་པ་མ་ཟད། ད་དུང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་གོ་སྐབས་གསར་པ་ཞིག་ཀྱང་མཁོ་འདོན་བྱས་ཡོད”ཅེས་གསུངས།
ཨུ་ཡོན་དབྱང་ཡང་གིས་གསུངས་དོན།
རང་རྒྱལ་གྱི་དྲག་སྐྱེད་དང་མཉམ་འདྲེས་སློབ་གསོར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད།
“རྣ་ཤེས་ལ་སྐྱོན་ཡོད་པ་ནི་མངོན་གསལ་མེད་པ་དང་སྣང་ཆུང་ཤོར་སླ་བའི་དབང་སྐྱོན་ཞིག་རེད། སྟབས་ལེགས་པ་ཞིག་ལ་ང་ཚོ་དུས་རབས་གསར་པར་འཚོ་བ་སྐྱེལ་བཞིན་ཡོད། ལོ་དེ་དག་ནང་ཉན་ཕན་ཡོ་བྱད་དང་ཆ་འཕྲིན་གྱི་འགོག་རྐྱེན་མེད་པའི་ཁོར་ཡུག་ལ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད། རྒྱལ་ཁབ་ཀྱིས་ཁྱབ་གདལ་བཏང་བའི་དྲག་སྐྱེད་དང་མཉམ་འདྲེས་སློབ་གསོར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པས། འོན་པ་བཅུའི་ནང་ལྐུགས་པ་དགུ་ཞེས་པ་རིམ་བཞིན་ལོ་རྒྱུས་སུ་གྱུར་ཡོད”ཅེས་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་ཨུ་ཡོན་དབྱང་ཡང་གིས“ཨུ་ཡོན་བགྲོད་ལམ”དུ་བཅར་འདྲི་དང་ལེན་གནང་སྐབས། ད་ཆ་རྣ་ཤེས་ལ་སྐྱོན་ཡོད་པའི་སློབ་མ་མང་ཆེ་བས་སློབ་གྲྭ་དཀྱུས་མར་སློབ་སྦྱོང་དང་མཉམ་འདྲེས་སློབ་གསོ་དང་ལེན་བྱེད་ཀྱི་ཡོད་ཅེས་གསུངས།