སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་ལས་འགན་ཨང་དང་པོ་འདིར་སྟངས་འཛིན་ནན་པོ་བྱེད་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཁོང་གནས་སའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཅང་སུའུ་ཡི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ནན་བཤད་གནང་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་ལས་འགན་ཨང་དང་པོ་རེད། ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་གསར་གཏོད་དང་། མཐུན་སྦྱོར། འབྱུང་འཕྲོད། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་ངོ་བོ་གཅིག་གྱུར་ལ་བརྟེན་ནས་འཕེལ་རྒྱས་ལ་སྟངས་འཛིན་དང་། འཕེལ་རྒྱས་ལ་བསྡུར་ཞིབ། འཕེལ་རྒྱས་ལ་སྐུལ་འདེད་བཅས་གཏོང་དགོས་པ་དང་། ངེས་པར་དུ་སྤུས་ཚད་ལེགས་སུ་ནུས་ལྡན་གཏོང་བ་དང་གྲངས་འབོར་ལུགས་མཐུན་འཕར་བར་སྤྱི་འདོམས་དེ་བས་ལེགས་པར་བྱས་ནས། སྤུས་ཚད་ཨང་དང་པོར་འཇོག་པ་དང་ཕན་འབྲས་སྔོན་ལ་འཇོག་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། སྤུས་ཚད་ཀྱི་འདུ་ཤེས་ཟབ་ཏུ་ཤུགས་ཆེན་གཏོང་བ། སྤུས་ཚད་ཚེ་སྲོག་ལྟ་བུར་བརྩི་བ། སྤུས་ཚད་མཐོ་པོ་དོན་གཉེར་དུ་བརྩི་བ་བཅས་བྱེད་དགོས་པ། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏིང་ཟབ་བཏང་ནས་ལས་ཕྱོད་ཀྱི་སྒྱུར་བཅོས་དང་སྒུལ་ཤུགས་ཀྱི་སྒྱུར་བཅོས་ལ་བརྟེན་ནས་སྤུས་ཚད་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་རྒྱུན་མཐུད་ཆོག་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་གང་མགྱོགས་ཆགས་པར་བྱེད་དགོས་པ། ངེས་པར་དུ་མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བ་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་འཚོ་བའི་སྤུས་ཚད་དུ་ཟམ་མི་ཆད་པར་བསྒྱུར་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
ཞི་ཅིན་ཕིང་ཅང་སུའུ་ཡི་འཐུས་མི་ཚོགས་པའི་སར་ཕེབས་སྐབས། སྤྲོ་སེམས་རབ་ཏུ་འཁོལ་པོས་དགའ་བསུ་ཞུ་བའི་སྒྲ་གྲགས་པ་རེད།
ཅང་སུའུ་ཡི་འཐུས་མི་ཚོགས་པའི་གྲོས་ཞིབ་ནན་ཏན་དང་རྣམ་པ་འཁྲུག་ཆ་དོད་པོ་ཡོད། ཞུས་ཁུན་ལིན་དང་། ལིའུ་ཆིང་། ཧྲན་ཙེང་ཧའེ། ཝུའེ་ཆའོ། ཀྲང་ཏ་ཏུང་། ཝུའུ་ཆིང་ཝུན་བཅས་འཐུས་མི་དྲུག་གིས་རྒྱལ་ཡོངས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཞབས་འདེགས་ཞུ་བ་དང་། ས་ཁོངས་མཐུན་སྦྱོར་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བློ་བརྟན་འགྱུར་མེད་ངང་བཟོ་སྐྲུན་ལས་རིགས་ཀྱི་རྩེ་མོར་འཛེག་པ། དུས་རབས་གསར་པའི“ཞིང་པ་གསར་པ”ཡག་པོ་བྱེད་པ། ཏང་གི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གདོང་དམག་ཡག་པོ་བྱེད་པ་སོགས་ཀྱི་གནད་དོན་སྐོར་ལ་གཏམ་བཤད་སོ་སོར་སྤེལ་བ་རེད། ཞི་ཅིན་ཕིང་གིས་སྐབས་སྐབས་སུ་བཀའ་མོལ་ཡང་ཡང་གསུངས་ནས་ཚང་མ་དང་སྤེལ་རེས་གནང་བ་རེད།
ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་གསུང་བཤད་གནང་ཞིང་། ཁོང་གིས་དང་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་མོས་མཐུན་ཡོད་ཅེས་གསུངས་པ་དང་ཆབས་ཅིག ལོ་ལྔའི་རིང་གི་ཅང་སུའུ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཏང་འཛུགས་སྐྱོང་བཅས་ཕྱོགས་གང་ཅིའི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། ཅང་སུའུ་ཡིས་མུ་མཐུད་དམ་པ་དོན་གཉེར་དང་འབད་འབུངས་ཡར་བརྩོན་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མུ་མཐུད་མདུན་གྲལ་དུ་བསྐྱོད་དེ“དཔལ་འབྱོར་སྟོབས་ཆེ་དང་། མི་སེར་འབྱོར་ཕྱུག ཁོར་ཡུག་མཛེས་པ། སྤྱི་ཚོགས་ཤེས་དཔལ་གྱི་ཆུ་ཚད་མཐོ་བ”བཅས་ཀྱི་ཅང་སུའུ་གསར་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་རྒྱུར་འགོ་ཡག་པོ་ཞིག་འཛུགས་པ་དང་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་གང་མགྱོགས་ཡོང་བར་བྱ་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད། རྒྱལ་སྤྱིའི་འགྲན་རྩོད་དྲག་པོའི་ཁྲོད་ང་ཚོས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་གཏོད་པ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་འདོན་དགོས། རྩ་བ་ནས་བརྗོད་ན་སྔར་བཞིན་ཚན་རྩལ་གསར་གཏོད་ལ་བརྟེན་དགོས། ང་ཚོས་དུས་བཀག་ལྟར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་ཐུབ་མིན་གྱི་འགག་རྩ་ནི་ཚན་རྩལ་རང་ཚུགས་རང་དར་ཡོང་མིན་ལ་ཐུག་ཡོད། “ཁ་ཕྱོགས་པ་བཞི”མཐའ་འཁྱོངས་ཀྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་མགྱོགས་མྱུར་གཏོང་བ་དང་། ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་གལ་ཆེན་སྐྲུན་རྒྱུར་ཤུགས་སྣོན་རྒྱག་པ། ཚན་རིག་པ་རྩེ་གྲས་སྣེ་ཁྲིད་དེ་གསར་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ཚན་རྩལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་པ། འགག་རྩའི་ལྟེ་བའི་ལག་རྩལ་གྱི་དཀའ་གནད་ལས་སྒྲོལ་གང་ཐུབ་བཅས་བྱས་ཏེ་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་སུ་རང་བརྟེན་ཚོད་འཛིན་ཐུབ་པར་བྱེད་དགོས། ཁེ་ལས་ཀྱི་བྱེད་པོའི་གནས་བབ་ལ་ཤུགས་སྣོན་བརྒྱབ་ནས། གསར་གཏོད་འཁོར་འབྲེལ་དང་། ཐོན་ལས་འཁོར་འབྲེལ། མ་དངུལ་འཁོར་འབྲེལ། ཤེས་ལྡན་པའི་འཁོར་འབྲེལ་བཅས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་རྣམ་པའི་རྐང་འཛིན་ཁེ་ལས་ཀྱི་སྣེ་ཁྲིད་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་པ། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ཐོན་ལས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་པའི་ཐོན་ལས་ཚན་རྩལ་གསར་གཏོད་ལྟེ་གནས་གཏོད་དགོས། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་ནས། གསར་གཏོད་རིག་གནས་སྐྱེད་སྲིང་ཤུགས་ཆེན་བྱེད་པ་དང་། ཚན་རྩལ་གྱི་གདེང་འཇོག་མ་ལག་དང་སྐུལ་ལྕག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་གསར་གཏོད་ཤེས་ལྡན་པ་འབུར་དུ་ཐོན་པ་དང་འཇོན་ཐང་ངོམ་ཆེད་ཁོར་ཡུག་བཟང་པོ་གཏོད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་རྨང་གཞི་ཞིག་དང་། ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། རྨོ་ཞིང་གི་དམར་ཐིག་ནན་པོར་སྲུང་བ་དང་། འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བ། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོ་བརྟན་པོ་དང་བདེ་འཇགས་ངང་མཁོ་སྤྲོད་བྱ་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས། ཐོན་ལས་དར་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ཞིང་ལས་ཀྱི་ཐོན་ལས་འབྲེལ་ཐག་སྣུར་སྲིང་དང་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་། གྲོང་གསེབ་ཀྱི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། གྲོང་རྡལ་དང་གྲོང་གསེབ་ཀྱི་བཀོད་པ་འཆར་འགོད་ལེགས་སུ་བཏང་ནས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྤྱི་འདོམས་བྱས་ཏེ། གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་ལེགས་སུ་གཏོང་བའི་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་ནས་གནས་འཕྲོད་ལས་འཕྲོད་ཡོང་བ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གང་མགྱོགས་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཐའ་མའི་དམིགས་ཡུལ་ཡིན། གཞི་རིམ་བཅོས་སྐྱོང་དང་དམངས་འཚོ་འགན་སྲུང་བྱ་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད། དེ་ནི་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་སྤེལ་དང་། སྤུས་ཚད་མཐོ་བའི་འཚོ་བ་གཏོད་པའི་རྨང་གཞིའི་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་སེམས་ལ་བརྟན་པོར་འཆང་བ་དང་དུས་དང་རྣམ་པ་ཀུན་ཏུ་དམ་འཛིན་བྱས་ཏེ་ཕན་འབྲས་ཏན་ཏིག་ཐོན་པར་འགན་ལེན་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་པའི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་རྩ་འཛུཌ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དྲ་མིག་ཅན་གྱི་དོ་དམ་དང་། ཞིབ་ཚགས་ཅན་གྱི་ཞབས་ཞུ། ཆ་འཕྲིན་ཅན་གྱི་འདེགས་སྐྱོར་བཅས་ཀྱི་གཞི་རིམ་བཅོས་སྐྱོང་ལས་སྟེགས་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་དང་། གྲོང་གསེབ། སྡེ་ཁུལ་བཅས་ཀྱི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་མི་དམངས་མང་ཚོགས་ལ་སྒོ་རྩ་ནས་ཞབས་ཞུ་སྤུས་ལེགས་དང་དོ་དམ་ཞིབ་ཚགས་ཡོང་བར་བྱེད་དགོས།
ཞི་ཅིན་ཕིང་གིས་མཇུག་ཏུ་ནན་བཤད་གནང་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་དགོས། རིམ་ཁག་ཏང་ཨུད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བྱེད་པོའི་འགན་འཁྲི་ཕྲག་ཏུ་བརྟན་པོར་ཁུར་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། སྐབས་བརྗེའི་རྗེས་ཀྱི་རིམ་ཁག་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྱབ་ཁོངས་ཁག་གི་ཏང་འཛུགས་སྐྱོང་གི་ལས་དོན་ལ་ཤུགས་སྣོན་རྒྱག་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས་རྒྱང་ལམ་གསར་པར་འབད་འབུངས་དང་དུས་རབས་གསར་པར་བྱས་རྗེས་འཇོག་རྒྱུར་ཆབ་སྲིད་ཀྱི་ཁྲིད་སྟོན་དང་ཆབ་སྲིད་ཀྱི་འགན་སྲུང་འགྱུར་མེད་ནུས་ལྡན་ཡོང་བ་བྱེད་དགོས།
འགན་འཁུར་རྩོམ་སྒྲིག་པ། 索朗旺堆
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣