མཐུན་སྒྲིལ་ནི་སྟོབས་ཤུགས་རེད་ལ། མཐུན་སྒྲིལ་བྱས་ན་གཞི་ནས་རྣམ་པར་རྒྱལ་ཐུབ། “མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མི་རིགས་ཁག་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ། མི་རིགས་ཀྱི་ལས་དོན་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ། མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཚབས་ཆེན་འགོག་ཟོན་དང་སེལ་བར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས”ཞེས་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་རྡོ་རྗེས་བཤད།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་པེ་ཅིང་དང་ཅང་སུའུ་ཡི་ཁ་གཏད་བོད་སྐྱོར་ཐབས་ལམ་གྱི་ནུས་པ་གང་ལེགས་བཏོན་ནས། ཐོན་ལས་ཀྱི་སྤེལ་རེས་མཉམ་ལས་དང་། ཚན་རྩལ་གྱི་མཛུབ་ཁྲིད་དང་རོགས་རམ། སྨན་བཅོས་དང་སློབ་གསོའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བཅས་གཏིང་ཟབ་སྤེལ་ཡོད། “བོད་སྐྱོར་ལས་བྱེད་པ་དང་ས་གནས་དེ་གའི་མང་ཚོགས་དབར་གྱི‘ཆ་སྒྲིག’ལ་སྐུལ་འདེད་བཏང་ནས། གྲོང་ཁྱེར་ཡོངས་སུ་རིམ་རྩིས་བྱས་ན་མི་་500ལྷག་ཙམ་ལ་གསོ་སྦྱོང་བྱས་ནས་ལས་ཞུགས་ཐུབ་པ་དང་། མི་18ལ་ལས་གནས་སུ་སྦྱོང་བརྡར་བྱས་པ། མི་180རྟོག་ཞིབ་སློབ་སྦྱོང་ལ་ཞུགས་པ་མ་ཟད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིམ་རྩིས་བྱས་ན་མི་ཐེངས་5000ལྷག་ཙམ་སྒྲིག་འཛུགས་བྱས་ནས་ལྗོངས་ཕྱིར་རྟོག་ཞིབ་དང་། སྤེལ་རེས། སློབ་སྦྱོང་། གསོ་སྦྱོང་བཅས་བྱས་ནས་ལྗོངས་ཕྱི་དང་ལྷ་སའི་མི་རིགས་ཁག་གི་མང་ཚོགས་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། ཁྱོན་ཡོངས་ནས་སྤེལ་རེས། མཉམ་འདྲེས་ཟབ་མོ་བཅས་ལ་སྐུལ་མ་བཏང་ཡོད”ཅེས་ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད། “ལྗོངས་ཡོངས་སུ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་རོགས་སྐྱོར་ལྕག་སྐུལ་གྱི་མ་དངུལ་སྒོར་ཁྲི་100ཐོག་མར་བཙུགས་ནས་མི་རིགས་མཐུན་སྒྲིལ་གྱི་དུད་ཚང་དཀའ་ངལ་ཅན་དང་། དེ་བཞིན་མི་རིགས་མཐུན་སྒྲིལ་གྱི་ལས་ལ་ཡུན་རིང་གཞོལ་བ་དང་ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་རོགས་སྐྱོར་བྱེད་མཁན་ཕྱི་ནས་ཉིང་ཁྲིར་གཞིས་ཆགས་ཁེ་ལས། འདེབས་འཛུགས་གསོ་ཚགས་དུད་ཆེན་སོགས་ཚོགས་སྤྱིར་མ་དངུལ་ནས་ལྕག་སྐུལ་དང་རྒྱབ་སྐྱོར་བྱས་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་མི་རིགས་ཆོས་ལུགས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད།
“གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པས་སློབ་མར་ཧོང་མེ་ཁྲང་ཞི་བསླབས་པ་དང་། ཟངས་རི་རྫོང་སློབ་འབྲིང་གིས་སློབ་གྲྭར《ཀུན་སྤྱོད་མདོ》ཡི་ཟངས་བརྐོས་སྐུ་བརྙན་ཆེན་པོ་བཟོས་པ་སོགས་མིག་འདྲིས་རྣར་འཇགས་དང་ཤོག་བུ་སྣུམ་ཟོས་ཀྱི་བྱ་ཐབས་སྤྱད་དེ་རང་རེའི་ཀྲུང་ཧྭ་ལ་གཅེས་པའི་ས་བོན་ཕྲུ་གུ་ཚང་མའི་སེམས་ལ་གཏིང་ཟབ་བཏབ་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད།
“ལྗོངས་ཡོངས་སུ་ཁུངས་འདེད་གཉེན་འཚོལ་གྱི་ལས་དོན་ཐོག་མར་སྤེལ་ནས་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་ཆིང་རྒྱལ་རབས་དུས་ཀྱི་བང་སོའི་ཁུངས་འདེད་རྩད་གཅོད་ཚོགས་པ་བཙུགས་ནས། ཤིས་ཨན་གྲོང་ཁྱེར་ཧུའུ་དབྱི་ཆུས་སོགས་སུ་བསྐྱོད་དེ་རྩད་གཅོད་ལས་དོན་སྤེལ་ནས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་རྒྱ་ཆེ་རུ་གཏོང་ཆེད་ལོ་རྒྱུས་ཀྱི་དཔང་རྟགས་མཁོ་འདོན་བྱས་ཡོད”ཅེས་ཆབ་མདོ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད།
མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་སེང་གེ་སྡེ་ཁུལ་དུ་རྒྱ་རིགས་དང་། བོད་རིགས། ཡུ་གུར་རིགས། ཧུད་རིགས། སོག་རིགས་སོགས་མི་རིགས་11གི་མང་ཚོགས་ཁྱོན་1307གཞིས་ཆགས་ཡོད་པ་དང་། ལོ་མང་རིང་སྡེ་ཁུལ་དེས་རྒྱུན་ཆད་མེད་པར་འབད་བརྩོན་བྱས་པ་བརྒྱུད་ཐག་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྡེ་ཁུལ་ཞིག་ཏུ་གྱུར་ཡོད།
སེང་གེ་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་མིག་དམར་བུ་ཁྲིད་ཀྱིས“གོམ་སྟབས་རྗེས་མར་ང་ཚོའི་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་མུ་མཐུད་ཁྲིད་སྟོན་བྱས་ཏེ་མི་རིགས་ཁག་སེ་འབྲུའི་འབྲུ་ལྟར་གོང་བུ་གཅིག་ཏུ་འགྲིལ་བར་སྐུལ་འདེད་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཛུགས་གཏོད་ཀྱི་ལས་དོན་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་བཤད།