དབུ་ཤོག>ཆེད་སྒྲིག
  • རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་གྱི་སློབ་སྦྱོང་དང་གསོ་སྦྱོང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-04

    ཉེ་ཆར། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་གྱི་སློབ་སྦྱོང་དང་གསོ་སྦྱོང་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་ཁྲིམས་ལྟར་འགན་འཁྲི་སྒྲུབ་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་། འགན་འཁྲི་འཁུར་སེམས་ཆེན་པོ། བསམ་པའི་འཁྱེར་སོ་དང་ལས་ཀའི་སྤྱོད་ཚུལ་བཟང་པོ་བཅས་ཀྱི་ཐོག་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་བ་དང་། ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། ཝང་ཝུའེ་ཏུང་། ཀརྨ་ཚེ་བརྟན། ཟླ་བ་ཚེ་རིང་། ཡུས་ཡུན་ཀུའེ། ཚེ་བརྟན་བཅས་ཞུགས་པ་རེད། ལའེ་ཅའོ་ཡིས་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་བདམས་ཐོན་བྱུང་བའི་གནས་ཚུལ་ངོ་སྤྲོད་གནང་བ་དང་། ཝང་ཅུན་དང་ཝང་ཀང་གིས་འབྲེལ་ཡོད་ལམ་ལུགས་དང་སྒྲིག་སྲོལ་སློབ་སྦྱོང་བྱེད་པའི་ཐད་འགྲེལ་བཤད་བརྒྱབ་གནང་བ་རེད།

    ཝང་ཅུན་ཀྲེང་གིས། འཚོག་ཉེར་ཡོད་པའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད།རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ཏེ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་གཡོ་འགུལ་སྤུ་ཙམ་ཡང་མེད་པར་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཁྲིམས་བཀོད་ཀྱི་འགན་འཁྲི་སྒྲུབ་པ་དང་བྱེད་པོའི་ནུས་པ་འདོན་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་ནས་མཚོན་པར་བྱེད་དགོས། རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་དང་དེ་བཞིན་སྲིད་གྲོས་ཀྱི་སྒྲིག་སྲོལ་སློབ་སྦྱོང་ནན་ཏན་བྱས་ཏེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་དོན་སྙིང་གལ་ཆེན་དང་། གནས་བབ། ནུས་པ། ཁྱད་ཆོས་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ཕུན་སུམ་ཚོགས་པའི་ནང་དོན་དང་། དོན་སྙིང་གལ་ཆེན། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་གཏིང་ཟབ་ཆུད་པ། དབང་ཆ་དང་འོས་འགན་ལ་གོ་བ་ཡང་དག་ལེན་པ་དང་སྟངས་འཛིན་བྱེད་པ། སུའི་ཚབ་ཡིན་པ་དང་། སུའི་ཆེད་དུ་ཡིན་པ། སུ་ལ་བརྟེན་དགོས་པ་བཅས་གསལ་པོ་རྟོགས་པ། འགན་འཁྲི་ནི་གང་ཡིན་པ་དང་འགན་འཁྲི་ཇི་ལྟར་ཡག་པོ་སྒྲུབ་པ་གསལ་པོ་རྟོགས་པ་བཅས་བྱས་ཏེ་ཁྲིམས་བཀོད་འགན་འཁྲི་སྒྲུབ་པ་དང་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པ་གཉིས་འབྲེལ་མཐུད་དེ་བས་ལེགས་པར་བྱས་ཏེ་འགན་འཁྲི་གཙང་སྒྲུབ་ལ་ཤུགས་སྣོན་དང་། སྟོབས་ཤུགས་དང་ཐུན་མོང་ངོས་འཛིན་གཅིག་སྒྲིལ་བྱས་ནས་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལྟ་སྐུལ་ལ་ཤུགས་སྣོན་ནན་པོ་རྒྱག་པ་དང་། ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་ལ་ཤུགས་སྣོན་རྒྱག་པ། གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་གཏོད་པ་བཅས་བྱས་ཏེ་སྤུས་ཚད་མཐོ་པོས་ལས་འགན་ཁག་ལེགས་སྒྲུབ་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཚོས་གཟི་བརྗིད་ལྡན་པའི་ཐོབ་ཐང་ལ་གཅེས་སྤྲས་བྱས་ནས་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་ཐབས་ཇུས་ཧུར་ཐག་བཏོན་ཏེ། རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་གཟུགས་བརྙན་བཟང་པོ་གཏོད་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་འཚོག་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།