ཉེ་ཆར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོ་གཅིག་རྗེས་གཉིས་མཐུད་ངང་རྒྱལ་ས་པེ་ཅིང་དུ་ཕེབས་འབྱོར་ཟིན་པ་རེད།



འདི་ལོ་ནི་སྐབས་འདིའི་འཐུས་མི་དང་ཨུ་ཡོན་ཚོས་འགན་འཁྲི་སྒྲུབ་པའི་ལོ་དང་པོ་ཡིན་པ་དང་། ཚོགས་འདུ་གཟབ་རྒྱས་དེར་མཉམ་དུ་ཞུགས་རྒྱུ་བྱུང་བས་ཚང་མས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱིས་སྤྱི་འདོམས་བྱེད་པ་མཐའ་འཁྱོངས་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ནས། འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་རང་འཁྲིའི་ལས་ཀར་གཞི་ཚུགས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཁྲོད་འགན་འཁྲི་གསར་པ་མངོན་པ་དང་། བྱས་རྗེས་གསར་པ་འཇོག་པ། ལེགས་སྐྱེས་གསར་པ་འབུལ་བ་བཅས་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།