ཟླ་2ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་དམངས་གཙོ་གྲོས་མོལ་ཚོགས་འདུ་འཚོགས་ནས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་ཇུས་གཞི་དང་། ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་འོས་སྦྱོར་བྱེད་རྒྱུའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣའི་འོས་མིའི་གྲོས་གཞིའི་མཚན་ཐོ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་འོས་སྦྱོར་བྱེད་རྒྱུའི་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་མི་སྣའི་འོས་མིའི་གྲོས་གཞིའི་མཚན་ཐོ་བཅས་ཀྱི་སྐོར་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་འཐུས་མིར་བརྡ་ཁྱབ་བཏང་བ་དང་བསམ་འཆར་ཉན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཚོགས་འདུར་ཞུགས་པ་རེད།
ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་གཏོང་ཐད་བཀོད་སྒྲིག་གལ་ཆེན་བྱས་པ་དང་། དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། ཏང་ཀྲུང་དབྱང་གིས་ཚན་རྩལ་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྲིད་གཞུང་གི་འགན་འཁྲིའི་མ་ལག་དང་རྩ་འཛུགས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་གྲོས་མོལ་གྱི་མཐུན་སྦྱོར་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། ལས་ཁུངས་ཀྱི་སྒྲིག་གཞིའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པར་སྐུལ་འདེད་གཏོང་བ། དབང་བའི་ལམ་ལུགས་འདྲེས་མའི་ཁེ་ལས་དང་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ། ལས་རིགས་ཀྱི་མཐུན་ཚོགས་དང་། སློབ་ཚོགས། ཚོང་ཚོགས་བཅས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་དོ་དམ་སྒྲིག་སྲོལ་ལེགས་སྒྲིག་སོགས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་ཡོད། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་ཆེད། ཀྲུང་གུང་ཀྲུང་དབྱང་གིས་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་དང་བསམ་འཆར་བསྡུ་ལེན་རྒྱ་ཁྱབ་བྱས་པའི་རྨང་གཞིའི་ཐོག《ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཇུས་གཞི(འཆར་ཟིན)》གྲུབ་པ་རེད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཀྱི་ནང་དོན་ཁག་གཅིག་ཁྲིམས་གཏན་འཁེལ་བའི་གོ་རིམ་ལྟར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་རེད། སྤྱིའི་ཆ་ནས་བལྟས་ན། ད་ཐེངས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ནང་གཙོ་གནད་ཀྱི་ལས་རིགས་དང་ཁྱབ་ཁོངས་མངོན་གསལ་དོད་པ་དང་། དམིགས་སའི་རང་བཞིན་ཅུང་ཆེ་བ། ཤུགས་ཚད་ཅུང་ཆེ་བ། ཁྱབ་ཁྱོན་ཅུང་ཆེ་བ། ཁེ་ཕན་དང་འབྲེལ་བ་ཅུང་ཟབ་པ། གནད་དོན་གལ་ཆེན་དང་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་དཀའ་གནད་འགའ་ཞིག་ཐག་གཅོད་བྱེད་པར་ཤུགས་སྣོན་བརྒྱབ་ཡོད་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་གལ་ཆེན་ཐེབས་རྒྱུ་རེད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་འཚོག་ལ་ཉེ་བས། སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་མི་སྣ་བདམས་ཐོན་བྱེད་པ་ནི་ཐེངས་འདིའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ལས་འགན་གལ་ཆེན་ཞིག་རེད་ལ་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཀྱང་རེད། ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བརྗེའི་མི་དོན་བཀོད་སྒྲིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཞིབ་འཇུག་དང་བཀོད་སྒྲིག་དང་དེ་བཞིན་ཁྱབ་ཁོངས་ངེས་ཅན་ཞིག་ནང་ནང་མོལ་དང་བསམ་འཆར་ཉན་འཇོག་བྱས་ཡོད། ནང་མོལ་བྱེད་རིང་སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་མི་སྣའི་འོས་མི་ཐོན་སྐབས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཁག་གི་སྟོབས་ཤུགས་རྡོག་རྩ་གཅིག་ཏུ་སྒྲིལ་བ། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་སྤྱོད་ཡོན་གཉིས་ལྡན་དང་། ཀུན་སྤྱོད་གཙོ་བོར་འཛིན་པ། ཕྱོགས་བཞི་མཚམས་བརྒྱད་ནས་སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་གཞག་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ་འོས་མིའི་ཆབ་སྲིད་ཀྱི་འགག་སྒོ་དང་། སྤྱོད་གཙང་གི་འགག་སྒོ གཟུགས་བརྙན་གྱི་འགག་སྒོ་བཅས་ནན་པོས་སྲུང་དགོས་པ་ཚང་མས་ངོས་འཛིན་བྱས་སོང་། བསམ་འཆར་ཉན་འཇོག་གང་ལེགས་བྱས་པའི་རྨང་གཞིའི་ཐོག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་འོས་མིའི་ཆ་རྐྱེན་དང་། ཕྱོགས་ཁག་གི་གྲུབ་ཚུལ་བླང་བྱ། ལས་ཀའི་དགོས་མཁོ་བཅས་ལ་ཕྱོགས་ཡོངས་ནས་བསམ་བློ་བཏང་སྟེ་གྲོས་འགོའི་མིང་ཐོ་བཏོན་པ་མ་ཟད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་གྲོས་ཞིབ་བྱ་རྒྱུར་ཕུལ་ཡོད་ཅེས་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས། དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ད་ཐེངས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། བསམ་བློ་དང་བྱ་སྤྱོད་སྒྱུར་བཅོས་ཇུས་གཞིའི་ཐོག་གཅིག་གྱུར་ཡོང་བ། སྒྱུར་བཅོས་ལ་རྒྱབ་སྐྱོར་ཤུགས་ཆེན་བཅས་བྱས་ཏེ། ཚོགས་ཆེན་གྱི་ལས་འགན་ཁག་བདེ་བླག་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་ནས་ཚོགས་འདུ་གཉིས་དེ་དམངས་གཙོ་མཐུན་སྒྲིལ་དང་། སེམས་ཤུགས་གཅིག་སྒྲིལ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་ཚོགས་ཐུབ་པ་བྱ་རྒྱུའི་རེ་བ་ཡོད། དམངས་གཙོའི་ཏང་ཤོག་ཁག་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་གནས་བབ་གསལ་རྟོགས་དང་གདེང་ཚོད་བརྒྱུད་སྤྲོད་བྱེད་དགོས་ཤིང་། རྒྱ་ཆེའི་ཁོངས་མི་དང་འབྲེལ་གཏུག་བྱེད་ཡུལ་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཀྲུང་གུང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་ཡོང་བར་བྱེད་པ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ། ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་ཡོང་བར་བྱེད་པ། དམིགས་ས་ཡོད་པའི་སྒོ་ནས་དོགས་སེལ་དང་སློབ་གསོ་ཁྲིད་སྟོན་ཡག་པོ་བཅས་བྱས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་པར་སྒྲུབ་ཆེད་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེན་ཅན་པང་དང་། དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། དམངས་གཙོ་རྒྱལ་འཛུགས་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། དམངས་གཙོ་ཡར་སྐུལ་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུང་། ཀྲུང་གོ་བཟོ་ཞིང་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་ཝུའེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙུའོ་ཅུན། དགུ་གསུམ་ཤེས་རིག་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ལི་ཝུའེ་སོགས་ཀྱིས་གཏམ་བཤད་གནང་ཞིང་། ཁོང་རྣམ་པས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞི་དང་། སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་མི་སྣའི་འོས་མིའི་གྲོས་འགོའི་མཚན་ཐོ་ནི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་པ་དང་ནང་མོལ་གང་ལེགས་བྱས་པའི་རྨང་གཞིའི་ཐོག་གྲུབ་པ་ཞིག་ཡིན་པ་དང་། དེ་ལས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཚོན་པ། དེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ་དང་འབྲེལ་བ་ཡོད་པས། བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ལུགས་བསྟན་པ་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དང་། དམངས་གཙོའི་ཏང་ཤོག་གི་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་ཡང་བཏོན་གནང་བ་རེད།