དབུ་ཤོག>ཆེད་སྒྲིག
  • ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-11

    ཟླ་2ཚེས་7ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་དུ་འགན་བཞེས་མཁན་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོ་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭར་གསུང་བཤད་གལ་ཆེན་གནང་སྐབས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་གནང་ཞིང་། མཐོ་གཟིགས་འོག་བསྐྱངས་དང་། མཐོང་རྒྱ་ཡངས་པ། དགོངས་པ་གཏིང་ཟབ། ནང་དོན་ཕུན་ཚོགས་པ་བཅས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས་སློབ་སྦྱོང་དང་གོ་བ་ནན་ཏན་ངང་ལོན་པ་དང་། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། སྙིང་སྟོབས་ཆེར་སྐྱེད་དང་དཔའ་ངར་ཞུམ་མེད་ཀྱིས་མདུན་སྐྱོད། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འགྲོ་ལམ་ཡང་དག་ཉག་གཅིག་ཏུ་སྐྱོད་པ། བློ་བརྟན་འགྱུར་མེད་ངང་ཏང་གི་ཚོགས་ཆེན་ཉི་ཤུ་པར་བཏོན་པའི་དམིགས་ཚད་དང་ལས་འགན་དོན་ཐོག་ཏུ་འཁྱོལ། ཡིད་ཆེས་བརྟན་གཏོང་དང་། མཐུན་སྒྲིལ་འབད་འཐབ། དམ་པ་དོན་གཉེར། ཞུམ་མེད་འབད་བརྩོན་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོར་གསུང་བཤད་གལ་ཆེན་གནང་བ་ནི། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཧ་ཅང་ཕུན་སུམ་ཚོགས་སུ་བཏང་བ་དང་འཕེལ་རྒྱས་བཏང་བ་ཞིག་རེད། དེ་ནི་ཏང་ཡོངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གོ་བ་ཡང་དག་ལོན་པ་དང་སྐུལ་འདེད་ཤུགས་ཆེན་གཏོང་བ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པ། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། འབད་བརྩོན་ཆེན་པོས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད” བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དེང་རབས་བོད་ལྗོངས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ལེའོ་ཡུན་ལུའུ་ཡིས། “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་ཁྱབ་ཁོངས་ཁག་གི་དེང་རབས་ཅན་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ‘འཛུགས་གཏོད་བཞི’དང‘མདུན་གྲལ་དུ་སླེབས་པ་བཞི’ལ་ཤུགས་རྒྱག་པ། བློ་ཁོག་ཆེན་པོས་འཚོལ་ཞིབ་དང་གཞན་གྱི་སྔོན་ལ་བྱེད་ཕོད་པ། འགལ་ཟླ་གསར་པ་དང་གནད་དོན་གསར་པ་ཐག་གཅོད་ནུས་ལྡན་བྱེད་པའི་བསམ་ཕྱོགས་དང་བྱ་ཐབས་འཚོལ་ཞིབ་བྱེད་པ། འདྲ་བཟོ་དང་ཁྱབ་གདལ་ཐུབ་པའི་ཉམས་མྱོང་གསར་པ་ཧུར་ཐག་གཏོད་པ་བཅས་བྱས་ནས། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་གྱི་ཡིན”ཞེས་བཤད་པ་རེད།

    གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་རྫོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་པ་དོན་གྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས་གཅིག་འདོམས་ལྟ་རྟོག་དང་། བརྒྱུད་རིམ་ལྡན་པའི་འཆར་འགོད། སྤྱི་ཡོངས་ལ་སྐུལ་འདེད་བཅས་བྱེད་དགོས་ཞེས་ནན་བཤད་གནང་ཡོད། དྲིལ་བསྒྲགས་དང་བསམ་བློའི་འཐབ་ཕྱོགས་ཀྱི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ང་ཚོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མི་སེམས་ལ་ཟུག་པར་བྱེད་དགོས། ང་ཚོས་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ལ་མུ་མཐུད་ཤུགས་རྒྱག་པ་དང་། རྫོང་ཡོངས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱི་ལེགས་ཆར་བརྟེན་ནས་མང་ཚོགས་དབྱེ་བ་འབྱེད་པ་དང་དམིགས་ཡུལ་བཟུང་ནས་སྒྲོག་འགྲེལ་བྱེད་པ། བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ནས་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་ཕན་འབྲས་དངོས་ཐོབ་རྒྱུར་སྐུལ་འདེད་གཏོང་གི་ཡིན”ཞེས་བཤད་པ་རེད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམིགས་པ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་འཁེལ་བྱས་པའི་རང་རེའི་ཏང་གི་ལྟེ་བའི་ལས་འགན་ཞིག་རེད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་རང་རེའི་བྱ་གཞག་བླ་ན་མེད་པ་དང་འགན་འཁྲི་ལྕི་ལ་གཟི་བརྗིད་ཆེ” ནག་ཆུ་གྲོང་ཁྱེར་སོག་རྫོང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀའོ་ཅུན་ལིང་གིས་གོམ་སྟབས་རྗེས་མར་སོག་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཏེ། འཇོན་ཐང་ཆེ་རུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་རྒྱས་གཉིས་སྦྲེལ་མཐུད་ནུས་ལྡན་བྱ་ཚུལ་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་བཏང་ནས། མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་དང་། “རི་ལྗང་དང་། ཆུ་དྭངས། གནམ་སྔོ། ས་གཙང”བཅས་ལ་སྲུང་སྐྱོང་གི་དམག་འཐབ་ཡག་པོ་རྒྱག་པ་དང་། རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་གཏིང་ཟབ་སྤེལ་བ། དམངས་ཕན་གྱི་བྱ་བ་དངོས་ཏན་ཏིག་སྒྲུབ་པ། དམངས་འཚོའི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ། མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ལོངས་སྤྱོད་ཐུབ་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སོག་རྫོང་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད་པ་རེད།

    “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ཡུན་རིང་འཚོལ་ཞིབ་དང་ལག་ལེན་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་དང་། མི་རིགས་བསྐྱར་དར་ཞེས་པའི་ལོ་རྒྱུས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་དེས་བཏབ་པའི་ལན་ཞིག་རེད” བོད་ལྗོངས་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལི་ཧུའེ་ཆིན་གྱིས། མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ཀྱི་དགེ་རྒན་ཡིན་པའི་ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། དེ་ཉིད་རྒྱུན་གཏན་གྱི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་སློབ་ཁྲིད་དང་ཚན་ཞིབ་ལས་དོན་ནང་འཇུག་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བླ་སྲོག་གཏོད་པ་དང་མི་སྣ་གསོ་སྐྱོང་བྱས་ནས་ཕུགས་བསམ་ལྡན་པ་དང་། འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་དེ་བས་མང་བ་གསོ་སྐྱོང་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།