ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་ལྷུག་པོར་གླེང་བ། ཏང་གི་ཚོགས་ཆེན་ཉི་ཤུ་པར་བཏོན་པའི་ལྟེ་བའི་ལས་འགན་དང་འཐབ་ཇུས་བཀོད་སྒྲིག་ལ་གོ་བ་ནན་ཏན་ལེན་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་དོན་འཁྱོལ་བྱེད་ཐབས་འཆར་འགོད་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པའི་ཚ་རླབས་ཤིག་རྒྱུན་མཐུད་བསླངས་པ་རེད།
ཏང་གི་གསུང་སྒྲ་ཡར་ཀླུང་ས་གཞི་ཆེན་པོར་བསྒྲགས་པ།
ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པ་ནས་བཟུང་། སློབ་སྦྱོང་གི་རྣམ་པ་ཟབ་མོ་ཞིག་ཡར་ཀླུང་ས་གཞི་ཆེན་པོར་ཁྱབ་ཡོད། ཉེ་དུས་ལྷོ་ཁའི་གནས་སྤོས་གྲོང་མི་དོ་དམ་གྱི་མི་དམངས་ཉེན་རྟོག་པ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི“དྲིལ་བསྒྲགས་པར”གྱུར་ནས་ཏང་གི་གསུང་སྒྲ་མང་ཚོགས་ཀྱི་སྒོ་རྩར་བསྒྲགས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་དང་མི་སེམས་ལ་ཟུག་པར་བྱས་ཡོད་པ་རེད།
ཉིན་ཤས་བསྟུད་མར། ལྷོ་ཁའི་གནས་སྤོས་གྲོང་མི་དོ་དམ་གྱི་མི་དམངས་ཉེན་རྟོག་པ་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་ཞིང་ནང་དང་། ཞིང་དུད་འགྲུལ་ཁང་། ཚོང་ཁང་ཇ་ཁང་། ལས་ཡུལ་གྱི་སྟབས་བདེའི་ཁང་པ་སོགས་སུ་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་དཔལ་འབྱོར་འཛུགས་སྐྲུན་དང་། དམངས་འཚོ་འགན་ལེན། གྲོང་གསེབ་བཅོས་སྐྱོང་སོགས་ཀྱི་ནང་དོན་ལ་དམིགས་ནས་ཅི་འཕྲོས་མོལ་འཕྲོས་ངང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཏིང་ཟབ་ལ་གོ་བདེ་བའི་ངང་མང་ཚོགས་ལ་བརྗོད་པ་དང་དུས་མཚུངས། མི་དམངས་ཉེན་རྟོག་པ་ཚོས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་དང་མཉམ་དུ་སློབ་སྦྱོང་གི་མྱོང་ཚོར་མཉམ་སྤྱོད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གླེངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གྱི་རྣམ་པ་དེ་བས་ཟབ་ཏུ་དང་འཁྲུག་ཏུ་བཏང་སྟེ་ཏང་གི་གསུང་སྒྲ་མཐའ་མཚམས་ཀྱི་དུད་ཚང་ཁྲི་སྟོང་མང་པོར་བསྒྲགས་པ་རེད།
ཀུན་འདུས་སྨྱན་སྦྱོར་གྱི་ལས་སྟེགས་ལ་བརྟེན་ནས་དགོངས་དོན་དྲིལ་བསྒྲགས་བྱས་པས་བློ་སྟོབས་འཕེལ་བ།
བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ལ་བརྟེན་ནས་བསམ་པའི་ཉམས་འགྱུར་མངོན་པ་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་བརྟེན་ནས་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ། མངའ་རིས་ས་ཁུལ་གྱི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་ཏང་གི་གསར་འགྱུར་ལས་དོན་གྱི་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ལ་དམིགས་པ། ཀུན་འདུས་སྨྱན་སྦྱོར་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། གཙོ་གནད་ལེ་ཚན་རྩེར་སོན་གཏོད་པ་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་བཀྲག་མདངས་སྔར་བས་ཆེ་བ་དང་དྲང་ནུས་སྔར་བས་ཆེ་བ་ལྡན་པར་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་བྱེད་པའི་ཚ་རླབས་ཤིག་རྒྱུན་ཆད་མེད་པར་བསླངས་པ་རེད།
ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས། མངའ་རིས་ས་ཁུལ་གྱི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་སྔོན་ལ་ཇུས་འགོད་དང་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་ས་ཁུལ་ཡོངས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འབྲེལ་ཡོད་གནས་ཚུལ་མགྱོགས་མྱུར་གཏོང་སྤེལ་ལ་ཕན་འབྲས་ཆེན་པོ་ཐོན་པར་བྱས་ཤིང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྨྱན་སྦྱོར་ཚན་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འབྲེལ་ཡོད་ཀྱི་གནས་ཚུལ་གཏོང་སྤེལ་སྐོར་བརྒྱུད་འགོད་དང་བརྒྱུད་གཏོང་ཧུར་ཐག་བྱས་པ་མ་ཟད། 《“ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ། རྒྱང་ལམ་གསར་པར་ཧུར་ཐག་སྐྱོད”ཅེས་པའི་ཀྲུང་དབྱང་སྨྱན་སྦྱོར་དང་དེ་བཞིན“དྲ་རྒྱའི་Vཆེན་པོ”ཞེས་པའི་མངའ་རིས་སུ་སྐྱོད་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ》དང་། 《སྡེ་ཚོགས་ས་ཨུད་ཀྱིས་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བའི“ང་རང་རྒྱལ་དར་འོག་ནས་འཚར་ལོངས་བྱུང”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ》སོགས་གསར་འགྱུར་30ལྷག་ཙམ་བཏོན་པ། “ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་ཉམས་བཟང”ཞེས་པའི་ཆེད་སྒྲིག་ལེ་ཚན་བཟོས་ནས་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་སྔོན་ཐོན་བྱས་རྗེས་གཅིག་སྡུད་ཐོག་གཏོང་སྤེལ་བྱས་ཁར་མངའ་རིས་ཀྱི་མཉམ་འདྲེས་སྨྱན་སྦྱོར་གྱི་ཁྱུག་དབྱིངས་གཞུང་ཕྱོགས་སྤྱི་རྟགས་ལ་བརྟེན་ནས《ཚོགས་ཆེན་ཉི་ཤུ་པར་དམིགས་ཏེ། ཁྱེད་ལ་སྙན་སྒྲོན་སློབ་རོགས་བྱེད》ཅེས་པའི་སྨྱན་སྦྱོར་གསར་པའི་བརྩམས་ཆོས་རབ་དང་རིམ་པ་བཏོན་པ་རེད།
“དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རྒྱ་ཆེའི་གསར་འགྱུར་ལས་དོན་པའི་ལས་འགན་གཟི་བརྗིད་ལྡན་པ་དང་འགན་འཁྲི་ལྕི་པོ་འཁུར་ཡོད”ཅེས་མངའ་རིས་ས་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལིན་ཤིན་ཕིང་གིས་བརྗོད་ཅིང་། ཁོང་གིས“གོམ་སྟབས་རྗེས་མར། མངའ་རིས་ས་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་སྔར་བས་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་ཕྱོགས་སུ་ཞུམ་མེད་མདུན་སྐྱོད་བྱེད་པའི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་རྒྱུན་མཐུད་སྲ་བརྟན་དང་སྟོབས་ཆེར་གཏོང་རྒྱུ་ཡིན”ཞེས་བཤད་པ་རེད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྲིད་སྟོན་དུ་བཟུང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ།
“མི་རྣམས་ཀྱིས་བདེ་ཐང་གི་འཚོ་བ་དོན་གཉེར་བྱེད་ཀྱི་ཡོད་ཅིང་། ནས་ནག་ལ་ཁྲག་མངར་སྙོམས་པ་དང་ཁྲག་མངར་ཚོད་འཛིན་གྱི་ཕན་ནུས་ལྡན་པའི་རྐྱེན་གྱིས། ནས་ནག་རྩམ་པར་ཚང་མས་དགའ་པོ་བྱེད་ཀྱི་འདུག ད་ཆ་ནས་ནག་རྩམ་པ་ལྷ་སར་འཚོང་བ་མ་ཟད་ཡུལ་སྐོར་བ་མང་པོས་ཀྱང་མངགས་ཉོ་བྱེད་བཞིན་ཡོད་པས། ང་ཚོའི་ཧུར་སེམས་སྔར་བས་འཕེལ་བྱུང”ཞེས་ཆུ་ཤུར་རྫོང་ཆུ་ཕུ་གྲོང་ཚོའི་གྲོང་མི་སྒྲོལ་དཀར་གྱིས་བཤད།
ལྷ་ས་སྐྱིད་ཆུའི་སྨད་རྒྱུད་དུ་གནས་པའི་ཆུ་ཕུ་གྲོང་ཚོར་ས་རྒྱུ་གཤིན་པ་དང་གནམ་གཤིས་ཡག་པོ་ཡོད་པས་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་འགྲོ་ཚུལ་ཉམས་དགའ་བ་ཞིག་ཡོད།
ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་རྗེས། ཆུ་ཕུ་གྲོང་ཚོས་འཕྲེད་འགེལ་སྦྱར་ཡིག་དང་། LEDགློག་རྡུལ་བརྙན་ཤེལ། སྐད་འཕྲིན་ཚོགས་པ་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དུད་ཚང་ཚང་མར་དྲིལ་བསྒྲགས་བྱས་པ་རེད།
ཆུ་ཤུར་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཅན་ཞུང་གིས་ཆུ་ཕུ་གྲོང་ཚོར་བསྐྱོད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་གྲོང་ཚོ་རིམ་པའི་རྩ་འཛུགས་དང་འབྲེལ་བ་དམ་ཟབ་ཡོད་པའི་འགག་གནད་ཐད་དོན་སྙིང་ཟབ་ལ་གོ་བདེ་བའི་འགྲེལ་བཤད་བརྒྱབ་པ་རེད།
ཆུ་ཕུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་པ་སངས་ཀྱིས“ང་ཚོས་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ཏེ་ལས་དོན་ཁག་སྤེལ་རིང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་དགོས། གཞན་གྱི་སྔོན་ལ་བྱེད་ཕོད་པ་དང་། རྙིང་ཞེན་བག་འཁུམས་མི་བྱེད་པ། གསར་གཏོད་བྱེད་མཁས་པ་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་ལ་སྐུལ་འདེད་བཏང་བས་ཆུ་ཕུ་གྲོང་ཚོའི་ནས་ནག་ད་ཆ་ཁྱད་ལྡན་ཐོན་ལས་སུ་གྱུར་ནས་རྒྱུན་མཐུད་འཕེལ་རྒྱས་ཕྱིན་པ་དེ་གྲོང་ཚོའི་ལས་བྱེད་པ་དང་གྲོང་སྡོད་ལས་དོན་རུ་ཁག་གི་ཁོངས་མིའི་གསར་གཏོད་ཀྱི་སྙིང་སྟོབས་དང་ཁ་འབྲལ་ཐབས་མེད”ཅེས་བཤད།
ད་ཆ་ཆུ་ཕུ་གྲོང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཤར་རླུང་ལ་བརྟེན་ནས། ཏང་གི་དམངས་ཕན་སྲིད་ཇུས་ཀྱི་རོགས་སྐྱོར་དམ་འཛིན་གྱིས་གྲོང་ཚོའི་གནས་ཚུལ་དང་གྲོང་མིའི་བསམ་འདུན་ལ་གཞིགས་ཏེ་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གསར་པ་འཕེལ་རྒྱས་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་དང་། ལམ་སྲོལ་སྒྲིག་སྲོལ་གསར་གཏོད། གྲོང་ཚོ་མཉམ་སྡེབ་ཀྱི་ཐོན་ཁུངས་གང་འགབ་ཅི་སྤྱོད། ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྐུལ་འདེད་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་ཀྱི་ཡོད།