ཚོགས་འདུ་གཉིས་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལིའུ་ཅང་དང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ་བཅས་ཁག་སོ་སོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་འབྲེལ་ཡོད་འཐུས་མི་ཚོགས་པར་ཞུགས་ནས་འཐུས་མི་དང་ལྷན་དུ་གྲོས་ཞིབ་གནང་བ་རེད།
ལིའུ་ཅང་གཞིས་རྩེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས། ཁོང་གིས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་ཚུགས་གནས་མཐོ་བ་དང་། བྱ་ཐབས་གསར་བ། དམངས་འཚོར་མཐོང་ཆེན། མང་ཚོགས་དང་འབྲེལ་འདྲིས་ཟབ་པ། ལྟེ་བའི་སྤྱི་ཡོངས་ལ་དམ་པོར་ཕྱོགས་པ། གཙོ་གནད་ལས་དོན་དང་དམ་ཟབ་འབྲེལ་བ། དམངས་འཚོའི་བདེ་རྩ་དང་འབྲེལ་བ་ཟབ་པས། དངོས་སྒྲུབ་ཕྱོད་ཆེ་དང་མང་ཚོགས་དང་འབྲེལ་འདྲིས་ཟབ་པའི་སྙན་སྒྲོན་ཡག་པོ་ཞིག་རེད་ཅེས་གསུངས། ཁོང་གིས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་ནུས་ཏན་ཏིག་བཏོན་ནས་རིམ་ཁག་སྲིད་ཁྲིམས་ལས་ཁུངས་ཀྱི་འགན་ནུས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་གཞི་རིམ་གྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་དྲང་གཞག་ཁྲིམས་འཛིན་དང་། དམངས་ཆེད་ཁྲིམས་འཛིན་ཡོང་བར་སྐུལ་འདེད་བཏང་ནས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་ལ་རམ་འདེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཝུའེ་ཏུང་ལྷོ་ཁའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། སྙན་སྒྲོན་ནང་དམངས་འཚོ་མངོན་གསལ་དོད་པོར་བཞག་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ཏེ་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ལ་བརྡ་ལན་ཞུས་ནས་དམངས་འཚོའི་བྱ་བ་དངོས་21བཏོན་པ་ལས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་གང་ལེགས་མངོན་ཡོད། སྙན་སྒྲོན་ནང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ནན་པོ་བྱེད་པའི་ལས་དོན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་བཀོད་སྒྲིག་བྱས་པའི་ལས་དོན་གྱི་གཙོ་གནད་འབུར་ཐོན་དང་། བྱ་ཐབས་ཞིབ་ཚགས། དམ་འཛིན་བྱ་གཞི་ཁ་གསལ་བས། ལྟེ་བ་སྲུང་སྐྱོང་དང་། མི་སེམས་ལ་ལྕག་སྐུལ། ཀུན་སེམས་གཅིག་སྒྲིལ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པས་དེར་རྦད་དེ་མོས་མཐུན་དང་བརྩི་བཀུར་མཐའ་གཅིག་ཏུ་ཞུ་གི་ཡིན་ཞེས་གསུངས།
དབང་ཧའེ་ཀྲོའུ་མངའ་རིས་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་ཆབ་སྲིད་ཀྱི་ཚུགས་གནས་མཐོ་བ་དང་། ཉམས་མྱོང་ཕྱོགས་སྡོམ་དོན་དང་ལྡན་པ། དམིགས་ཚད་ཀྱི་ཁ་ཕྱོགས་གསལ་བ། བསམ་གཞིག་གི་འཆར་འགོད་ཟབ་པས། ངར་ཤུགས་འཕེལ་བ་དང་། སེམས་ཤུགས་ཆེར་སྐྱེད། འབད་འབུངས་ལྕག་སྐུལ་ཐེབས་པ་ཞིག་ཡོད་སྟབས་དེར་རྦད་དེ་མོས་མཐུན་དང་ཡོངས་སུ་བརྩི་བཀུར་ཞུ་གི་ཡིན། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ཀྱི་འཐབ་ཕྱོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་ལག་ལེན་བསྟར་བ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེ“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”སྟོབས་ཤུགས་བསྒྲིལ་ནས་དུས་རབས་གསར་པར་འབད་འབུངས་བྱེད་པའི་གཙོ་རྒྱུན་དགོངས་པའི་གླེང་ཕྱོགས་མུ་མཐུད་སྲ་བརྟན་དང་སྟོབས་ཆེར་གཏོང་བ་དང་། ཕྱོགས་ཡོངས་ནས་རིག་གནས་ཀྱི་བྱ་གཞག་དང་རིག་གནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་གཏོང་བ་བཅས་ཀྱི་སྒོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཞེས་གསུངས།
ལའེ་ཅའོ་ལྷོ་ཁའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། བློ་མཐུན་ཡན་ཅིན་ཧའེ་ཡིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་བརྗོད་དོན་ཁ་གསལ་བ་དང་། དམ་པ་དོན་གཉེར། བསམ་ཕྱོགས་ཁ་གསལ། གཏན་ཚིགས་ཚོགས་དམ། རྩོམ་སྲོལ་བབ་ཆགས་པ། སྐད་ཆ་ཁུ་འདུས་པ་བཅས་ཡིན་ལ། ལས་སླ་པོར་བྱུང་བ་མིན་པའི་གྲུབ་འབྲས་ཀྱི་གསལ་ཐོ་དང་། ཚན་རིག་དང་མཐུན་ལ་གནད་འཁེལ་གྱི་ལས་རིམ་རེའུ་མིག གཟབ་ནན་སྒམ་བརླིང་གི་ཁས་ལེན་ཡི་གེ་ཞིག་ཡིན་པ་མ་ཟད། ལྷག་པར་དུ“ཆ་བརྒྱད”ཀྱི་བཀོད་སྒྲིག་ལས་མི་རྣམས་ལ་རྣམ་པ་གསར་རྐྱང་ཞིག་མངོན་ནས་བག་ཆགས་ཟབ་མོ་བཞག་པ་དེས“མཐོ་སར་རེག་པ”དང་། སྤྱོད་འཐུས་རུང་བ། ཁྱོན་ཡོངས་ལ་སྐུལ་འདེད་ཐུབ་པ། གཙོ་གནད་འབུར་དུ་ཐོན་པ་བཅས་དང་། ཕྱོགས་གཞན་ཞིག་ནས་དམིགས་ཚད་ལས་འགན་ཡོད་པ་དང་ཐབས་ལམ་ཞིབ་ཕྲ་ཡང་ལྡན་པ་ཞིག་རེད་ཅེས་གསུངས།
རེན་ཝེ་ཆབ་མདོའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནི་ཚད་གཞི་དང་ཡང་ཡང་བསྡུར་ཡོད་ལ་མིག་ལྟོས་ཀྱི་ཚུགས་གནས་མཐོ་བ་དང་། གཞུང་འཁྱོངས་གསར་འབྱེད་ཀྱི་འདུ་ཤེས་ཟབ་པ། དམངས་ལ་བཅངས་པའི་བརྩེ་སེམས་ཟབ་པ། འགན་འཁྲི་ལྕི་བ་ཤེས་ནས་འགན་འཁྲི་ཏན་ཏིག་འཁུར་བ་ཞིག་ཡོད་པས་ཚང་མས་ནུས་ཤུགས་ཡོད་རྒུས་དམིགས་ཚད་ཀྱི་ལས་འགན་ཁག་དོན་འཁྱོལ་གནད་སྨིན་ཡོང་བར་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས།
ཕུར་བུ་དོན་གྲུབ་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་འགོ་ནས་མཇུག་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཁྱབ་པ་ལས་ཆབ་སྲིད་ཀྱི་ཚུགས་གནས་དང་འཐབ་ཇུས་ཀྱི་ངེས་ཤུགས་གཅིག་གྱུར་དང་། འགན་འཁྲི་དང་ལས་འགན་དང་བྱེད་ཐབས་ཐབས་ཇུས་གཅིག་གྱུར། སྔོན་དཔག་ལེགས་བཅོས་དང་གདེང་ཚོད་རབ་འཕེལ་གཅིག་གྱུར་བཅས་ཐུབ་པ་གང་ལེགས་མངོན་ནས་དར་ཆ་མཐོན་པོར་སྒྲེང་བ་དང་། ཚད་གཞི་དང་ཡང་ཡང་བསྡུར་བར་མིག་ལྟོས་བྱེད་པ། དོན་དངོས་དང་མཐུན་པ། རེ་སྒུག་དང་འཚམ་པ། མཐུན་སྒྲིལ་འབད་འབུངས། མི་སེམས་ལ་ལྕག་སྐུལ་ཐེབས་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པས། ཆབ་སྲིད་ཀྱི་རང་བཞིན་དང་། དམིགས་སའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཆེན་པོ་ལྡན་ཡོད་ཅེས་གསུངས།
ཀརྨ་ཚེ་བརྟན་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནི་ཆབ་སྲིད་ཀྱི་ཚུགས་གནས་མཐོ་བ་དང་། གྲུབ་འབྲས་ཕྱོགས་སྡོམ་གནད་ལ་འཁེལ་བ། ཇུས་འགོད་ཀྱི་བསམ་ཕྱོགས་ཁ་གསལ་བ། མང་ཚོགས་དང་འབྲེལ་འདྲིས་ཆེ་བ་དང་མི་སེམས་དྲོ་བ་ཞིག་ཡོད་པས་དམ་པ་དོན་གཉེར་དང་མཐུན་སྒྲིལ་ངར་སྐུལ་གྱི་སྙན་སྒྲོན་ཡག་པོ་ཞིག་རེད་ཅེས་གསུངས། ཁོང་གིས། མཐུན་སྒྲིལ་འབད་འཐབ་ཁྲོད་མདུན་སྐྱོད་ཀྱི་སྟོབས་ཤུགས་བརྟན་དུ་གཏོང་བ་དང་། མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་བླང་བྱར་སྟངས་འཛིན་ནན་པོ་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཤའོ་ཡིའུ་ཚའེ་མངའ་རིས་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནི་གྲུབ་འབྲས་ཕྱོགས་སྡོམ་བྱས་པ་དོན་དངོས་དང་མཐུན་ཞིང་ཆ་ཚང་བ་དང་། དུས་བབ་ལ་བརྡར་ཤ་བཅད་པ་ཡང་དག་ཅིང་གཏིང་ཟབ་པ། ལས་དོན་བཀོད་སྒྲིག་ཞིབ་ཚགས་ཤིང་གནད་ལ་འཁེལ་བ་ཞིག་ཡིན་པས། ཐོག་མཐའ་བར་གསུམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་བརྗོད་དོན་ལ་དམིགས་པ་ལས་དམངས་ལ་ཞབས་འདེགས་ཞུ་བའི་བརྩེ་སེམས་ཟབ་མོས་ཁེངས་ཡོད། དུས་རབས་གསར་པར་འབད་འཐབ་བྱེད་རིང་། མངའ་རིས་ས་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལྟར། “བརྟན་ལྷིང་ནི་འགན་འཁྲི་ཨང་དང་པོ་ཡིན་པ”བརྟན་དུ་གཏོང་བ་དང་། “འཕེལ་རྒྱས་ནི་ལས་འགན་ཨང་དང་པོ་ཡིན་པ”ལ་དམ་འཛིན་ནན་པོ་བྱེད་པ། “སྐྱེ་ཁམས་ནི་དམར་ཐིག་ཨང་དང་པོ་ཡིན་པར”བརྟན་སྲུང་བྱེད་པ། “མཐའ་མཚམས་ནི་འགོག་སྲུང་འཛིང་རགས་ཨང་དང་པོ་ཡིན་པ”སྲ་བརྟན་དུ་གཏོང་བ། “བཅའ་ཁྲིམས་སྒྲིག་ཁྲིམས་ནི་མཐའ་ཚད་ཨང་དང་པོ་ཡིན་པ”ཡག་པོ་སྲུང་བ་བཅས་བྱས་ཏེ། རང་སྐྱོང་ལྗོངས་ཚོགས་འདུ་གཉིས་ཀྱི་ཐོག་གཏན་འཁེལ་བའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་འབད་འཐབ་ཆེར་སྐྱེད་དང་བློ་ཁོག་ཆེན་པོས་མདུན་སྐྱོད་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མངའ་རིས་གསར་པ་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས།