“མོན་ཡུལ་གྱི་མེ་ཏོག”རབ་ཏུ་བཞད་པ་བྱེད་ཀྱི་ཡིན།
ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ཁོངས་སུ་གནས་པའི་ཀོང་རི་མོན་པ་མི་རིགས་ཤང་ནི་རང་ལྗོངས་ཀྱི་གྲངས་ཉུང་མི་རིགས་ཤང་གི་གྲས་ཤིག་ཡིན་པ་དང་ཤང་ཡོངས་སུ་དུད་ཚང་61དང་མི་169ཡོད། ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་ཏོའུ་སྒྲོལ་མས་2018ལོར་ལས་འགན་འཁུར་བ་ནས་བཟུང་། དོ་དོ་ནན་ནན་དང་ངལ་བ་དང་འཁང་ར་གཉིས་བཟོད་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་ཆུ་གློག་ལམ་འཕྲིན་དྲ་སོགས་ལས་གྲྭར་གཞི་གཅིག་ཏུ་སྐུལ་འདེད་བཏང་བར་ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་ཚོས་བྱམས་བརྩེའི་ངང“མོན་ཡུལ་གྱི་མེ་ཏོག”ཅེས་འབོད་ཀྱི་ཡོད།
“2022ལོར་ང་ཚོས་སྔ་རྗེས་སུ་ཆ་སྒྲིག་རོགས་སྐྱོར་ཐེངས་4བྱས་པར་འཛད་སྤྱོད་རོགས་སྐྱོར་ཁྱོན་སྒོར་8000ཟིན་ཡོད། འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་རྒྱུན་རྣམ་ཅན་གྱི་ལས་དོན་སྤེལ་ནས་མཚོ་སྣ་རྫོང་གི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་འབྲེལ་ཡོད་གཏན་འབེབས་དོན་འཁྱོལ་བྱས་ཏེ་ཁང་པ་རྙིང་པ་དང་ཉེན་ཆེའི་ཁང་པ་སྟར་པ་23བཤིག་ནས་བཅོས་སྒྲིག་བྱས་པ་དང་གཞུང་ལམ་ལམ་རྒྱུད་ཀྱི་གཙང་སྦྲའི་བཅོས་སྒྲིག་བྱ་སྤྱོད་ཆེད་མངགས་སྤེལ་བ་ཡིན”ཞེས་འཐུས་མི་ཏོའུ་སྒྲོལ་མས་ངོ་སྤྲོད་གནང་།
2022ལོར་ཀོང་རི་མོན་པ་མི་རིགས་ཤང་གིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་གཞི་འཛུགས་སར་མཐའ་འཁྱོངས་བྱས་ཏེ་རྨང་བརྟན་དམངས་ཕན་གྱི་གྲོན་དངུལ་བསྡུ་སྒྲིལ་དང་བེད་སྤྱོད་བྱས་པ་བརྒྱུད། གྲོང་ཚོ་གཉིས་ལ་གྲོང་ཁུལ་གྱི་ཚོང་ཁང་དང་ལྡུག་འཁོར་ཆེ་གྲས་སོགས་ཐོན་ལས་གསར་དུ་བསྣན་པར་གྲོང་ཚོ་ཁག་གི་ལོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་3འཕར་བ་དང་། སྲིན་མོ་གྲོང་ཚོའི་བྲ་བོ་ལས་སྣོན་མཉམ་ལས་ཁང་གི་འཕེལ་རྒྱས་གཏོང་སྟངས་ལེགས་སུ་བཏང་ནས་མཉམ་ལས་ཁང་གི་ཐོན་རྫས་ཁྲོམ་ར་ཅན་ལ་སྐུལ་འདེད་བཏང་སྟེ་མང་ཚོགས་ལ་ཁེ་སྤོགས་སྒོར་ཁྲི་10ཙམ་བགོས་པ་དང་མང་ཚོགས་མི་ཐེངས་210ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ། ས་བབ་ཀྱི་ལེགས་ཆ་དང་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་ནས་ལེགས་པོ་ལུང་ཤུར་རྒྱལ་ཁབ་རིམ་པའི་གྲགས་ཅན་མཛེས་ལྗོངས་ཁུལ་གྱི་སྤུས་རྟགས་བཏོད་པ་དང་ཁྱིམ་ཚང་མགྲོན་ཁང་52འཕེལ་རྒྱས་བཏང་བར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་བྱུང་ཡོད།
2022ལོར་ཀོང་རི་མོན་པ་མི་རིཌ་ཤང་གི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་24626ཟིན་པ་དེ་དུས་མཚུངས་ལས་14%ཡན་འཕར་བ་དང་། ལོ་འཁོར་གྱི་ལས་ཞུགས་གཞན་སྒྱུར་བྱེད་ཚད་100%ཟིན་པ། ཞིང་འབྲོག་པའི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་ཀྱིས་རྒྱལ་དམངས་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་འབོར་གྱི་37.66%བཟུང་བ། དབུལ་སྒྲོལ་དུད་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་20873.35ཟིན་པ། ལོར་འཕར་ཚད་14.55%ཟིན་ནས་དཔལ་འབྱོར་གྱི་དམིགས་ཚད་ཁག་ཅུང་ལེགས་པོས་ལེགས་སྒྲུབ་ཐུབ་ཡོད།