བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་14ཉིན་གྱི་ཉིན་དགུང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་རེད།
ཚོགས་འདུར་ཕེབས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་105དང་དངོས་སུ་ཕེབས་པའི་ཁོངས་མི་93ཡོད་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཅུན་ཀྲེང་དང་། ཡན་ཅིན་ཧའེ། ཀྲོང་ཡན། ཁྲེན་ཡུང་ཆི། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསྟན་ཁོ། ཝང་ཅུན། ཞུས་ཁྲེང་ཚང་། ཐང་མིང་དབྱིན། ཧྥུང་ཀུའེ་ཧྥུའུ་བཅས་ཚོགས་འདུར་ཞུགས་པ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། འཆར་གཞིའི་སྙན་སྒྲོན། སྔོན་རྩིས་སྙན་སྒྲོན་བཅས་ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ཚོགས་ཆེན་གྱི་དྲུང་ཆེ་བསྟན་ཁོས་གནང་བའི་སྙན་སེང་གསན་པ་དང་། བརྡས་ཐག་བཅད་པ་བརྒྱུད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་འཆར་ཟིན་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་གནང་རྒྱུར་པར་འགྲེམས་བྱ་རྒྱུའི་གཏན་འབེབས་གནང་བ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་ལ་ཞིབ་བཤེར་བྱས་འབྲས་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཚེ་རྡོར་གྱིས་གནང་བའི་སྙན་སྒྲོན་གསན་པ་དང་དེར་གྲོས་ཞིབ་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་2022ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2023ལོའི་སྔོན་རྩིས་འཆར་ཟིན་ལ་ཞིབ་དཔྱད་བྱས་འབྲས་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཙེང་ཧྭ་ཀྲུང་གིས་གནང་བའི་སྙན་སྒྲོན་གསན་པ་དང་དེར་གྲོས་ཞིབ་བྱས་པ་རེད། གོང་གསལ་གྱི་ཞིབ་དཔྱད་བྱས་འབྲས་སྐོར་གྱི་སྙན་སྒྲོན་གཉིས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་རྗེས་ཚོགས་ཆེན་ལ་བཀྲམ་པ་རེད། ཚོགས་འདུའི་ཐོག་འཆར་གཞིའི་འཆར་ཟིན་དང་སྔོན་རྩིས་འཆར་ཟིན་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་རྗེས་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་གནང་བར་བཀྲམ་རྒྱུའི་གཏན་འབེབས་བྱས་པ་རེད།
ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་དོན་གྲོས་སྒྲིག་སྲོལ(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཡུང་བཀྲ་ཡིས་གནང་བའི་སྙན་སྒྲོན་གསན་པ་དང་དེར་གྲོས་ཞིབ་བྱས་པ་དང་། 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་དོན་གྲོས་སྒྲིག་སྲོལ(བཟོ་བཅོས་འཆར་ཟིན)》(བཟོ་བཅོས་མ་ཟིན)ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་རྗེས་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་གནང་བར་བཀྲམ་རྒྱུའི་གཏན་འབེབས་བྱས་པ་རེད། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་འདེམས་བསྐོ་བྱ་ཐབས་ཀྱི་འཆར་ཟིན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་རྗེས་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་གནང་བར་བཀྲམ་རྒྱུའི་གཏན་འབེབས་བྱས་པ་རེད།
ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པར་ཞུགས་མཁན་རང་སྐྱོང་ལྗོངས་ཀྱི་འཐུས་མིའི་འོས་མི་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། ལྟ་ཞིབ་ཨུ་ལྷན། ཁྲིམས་ཁང་། ཞིབ་དཔྱོད་ཁང་བཅས་ཀྱི་སྐབས་བརྗེའི་འོས་མིའི་གྲོས་འགོའི་མཚན་ཐོའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་གནང་བའི་གསལ་བཤད་གསན་པ་དང་། གདམ་བྱའི་འོས་མི་ཁག་གི་མཚན་ཐོའི་འཆར་ཟིན་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་གྲུབ་བྱའི་མི་སྣའི་མཚན་ཐོའི་འཆར་ཟིན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་རྗེས་འཐུས་མི་ཚོགས་པ་ཁག་ལ་ནང་གྲོས་གནང་བར་བཀྲམ་རྒྱུའི་གཏན་འབེབས་བྱས་པ་རེད།