དབུ་ཤོག>ཆེད་སྒྲིག
  • དབང་པོ་སྐྱོན་ཅན་དེ་བས་མང་བར་ལས་ཞུགས་འབབ་འཕར་ཡོང་བ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-14

    “ཡུལ་མི་ཚོས་ང་ལ་ཡིད་ཆེས་ཆེན་པོ་བྱས་ཏེ་ང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་བྱུང་། དེ་ནི་གཟི་བརྗིད་ཅིག་ཡིན་ལ་འགན་འཁྲི་ལྕི་པོ་ཞིག་དེ་བས་ཡིན། ངས་འཐུས་མིའི་འགན་འཁྲི་ནན་ཏན་ངང་སྒྲུབ་པ་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས་མང་ཚོགས་ཀྱི་ཡིད་ཆེས་ཆུད་ཟོས་སུ་མི་གཏོང་བར་ཚད་དང་མཐུན་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་བྱེད་ཀྱི་ཡིན”ཞེས་བསྟན་འཛིན་དངོས་གྲུབ་ཀྱིས་གསུངས།

    བསྟན་འཛིན་དངོས་གྲུབ་ནི་དིང་རི་རྫོང་འབྲུག་གསུམ་དབང་སྐྱོན་རོགས་སྐྱོར་འཚེམ་བཟོའི་ལག་ཤེས་ཆེད་ལས་མཉམ་ལས་མཉམ་འབྲེལ་ཁང་གི་ལས་འཛིན་འགོ་གཙོ་དང་རིམ་གསུམ་དབང་པོ་སྐྱོན་ཅན་ཞིག་རེད། ཁོང་གིས་དབང་པོ་སྐྱོན་ཅན་གྱི་སྣེ་ཁྲིད་དེ་ཁྱིམ་དར་ཕྱུག་འགྱུར་བྱུང་བའི་གཏམ་རྒྱུད་དིང་རི་རྫོང་དུ་སྐད་གྲགས་ཆོད་ཡོད་པས། ཇོ་མོ་གླང་མའི་འདབས་ཀྱི་དབང་པོ་སྐྱོན་ཅན་ཚོར་སྐུལ་ལྕག་ཆེན་པོ་ཐེབས་ཡོད།

    2022ལོ་ནས་བཟུང་། བསྟན་འཛིན་དངོས་གྲུབ་ཀྱིས་མཉམ་ལས་ཁང་གི་སྣེ་ཁྲིད་དེ་སྔར་ཡོད་ཀྱི་ལས་སྒོའི་རྨང་གཞིའི་ཐོག་ཡུལ་གཞན་དུ་གནས་སྤོས་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ལ་དམིགས་ནས། ལག་ཤེས་བཟོ་ལས་མཉམ་འབྲེལ་ཁང་ཞིག་བཙུགས་ཏེ་གནས་སྤོས་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ནས་གནས་སྤོས་མང་ཚོགས་ཚོ་གནས་ཐུབ་པ་དང་ཕྱུག་པོ་ཆགས་ཐུབ་པའི་འགན་ལེན་བྱས་པ་རེད། 2022ལོར་མཉམ་ལས་ཁང་གི་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་1200ལྷག་ཙམ་ཟིན་ནས་གླ་ཆ་སྒོར་ཁྲི་475སྤྲད་པ་དང་བགོ་འགྲེམས་སྒོར་ཁྲི་45ལྷག་ཙམ་བརྒྱབ་སྟེ། ཉེ་འཁོར་གྱི་དུད་ཚང་100ཡི་མི་206ལ་སྐུལ་ཁྲིད་ཐུབ་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་3.78བྱུང་ཡོད། མིག་སྔར་མཉམ་ལས་ཁང་དུ་དོ་དམ་པ་15དང་། ལག་རྩལ་མི་སྣ་25 སློབ་གྲྭ་ཆེ་མོ་བ་2བཅས་བཀོད་སྒྲིག་བྱས་པ་དེས་མཉམ་ལས་ཁང་གི་ཤེས་ལྡན་མི་སྣའི་ཤེས་བྱ་གསར་བརྗེས་དང་ལག་རྩལ་གསར་གཏོད་ལ་སྐུལ་མ་ཐེབས་ཡོད་པ་རེད།

    “ད་ཐེངས་ངས་ཚོགས་ཆེན་ཐོག་དབང་པོ་སྐྱོན་ཅན་གྱི་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་དབང་པོ་སྐྱོན་ཅན་དབར་འབྲེལ་ཟམ་འཛུགས་པའི་བསམ་འཆར་དང་གྲོས་འགོ་བཏོན་ནས། དབང་པོ་སྐྱོན་ཅན་དེ་བས་མང་བར་སྲིད་ཇུས་དེ་དག་གི་ཕན་པ་ལོངས་སྤྱོད་ཐུབ་པ་བྱས་ཏེ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་ཀྱི་ཡིན”ཞེས་བསྟན་འཛིན་དངོས་གྲུབ་ཀྱིས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།