2018ལོའི་ཟླ་5པ་ནས་ས་བསྒྱུར་གྲོང་འཛུགས་བྱས་ཚུན། ནག་ཆུ་གྲོང་ཁྱེར་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཚད་གཞི་མཐོ་པོས་སྐུལ་འདེད་བཏང་སྟེ་མང་ཚོགས་འགྲོ་སྐྱོད་དེ་བས་སྟབས་བདེ་དང་། སྐྱིད་སྣང་དོད་པ། བློ་ཡིད་ཚིམ་པོ་བཅས་ཡོང་བ་བྱས་ཡོད། མིག་སྔའི་བར་G6ཅིང་བོད་མྱུར་བགྲོད་གཞུང་ལམ་གྱི་ནག་ཆུ་ནས་ལྷ་ས་བར་གྱི་དུམ་བུར་རླངས་འཁོར་ཤར་གཏོང་ཐུབ་པ་དང་། G345སྙན་རོང་ནས་མཚོ་བོད་འབྲེལ་མཚམས་བར་གྱི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭ་ལེགས་གྲུབ་ཟིན་པ། G349དཔལ་འབར་ནས་མལ་གྲོ་གུང་དཀར་བར་གྱི་འགྲོ་ལམ་གོ་རིམ་ལྡན་པའི་ངང་འཛུགས་སྐྲུན་བྱེད་བཞིན་པ། མ་དངུལ་སྒོར་དུང་ཕྱུར་144.65བཏང་ནས་གྲོང་གསེབ་ཀྱི་གཞུང་ལམ་གསར་སྐྲུན་རྣམ་གྲངས་405ལག་བསྟར་བྱས་པས། གྲོང་ཁྱེར་གྱི་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་3.47ཟིན་པ། ནག་ཆུ་ནས་ཡུལ་ཤུལ་བར་གྱི་ཞིང་སྦྲེལ་འགྲུལ་སྐྱེལ་ལམ་ཐིག་དང་པོ་ཤར་གཏོང་བྱས་པ། ཤང(གྲོང་རྡལ)95དང་སྲིད་འཛིན་གྲོང་ཚོ་525ལ་འགྲུལ་སྐྱེལ་དུས་གཏན་རླངས་འཁོར་ཤར་གཏོང་ཐུབ་ཡོད་པ་རེད།
འགྲིམ་འགྲུལ་གཞུང་ལམ་དྲ་བ་འཐུས་སྒོ་ཚང་དུ་ཕྱིན་པ་དེས་མི་རྣམས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་པ་མ་ཟད། ད་དུང་མང་ཚོགས་ལ་འབབ་འཕར་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད།
ནག་ཆུ་གྲོང་ཁྱེར་གྱིས་འགྲིམ་འགྲུལ་གཞུང་ལམ་དྲ་བ་མགྱོགས་མྱུར་བསྐྲུན་ནས། མང་ཚོགས་ཀྱི་དགོས་མཁོ་དངོས་བསྐངས་ཏེ། རྒྱ་ཆེའི་ཞིང་འབྲོག་པ་ཕྱིར་སྐྱོད་པའི“མཐའ་མའི་འགག་གནད”ཀྱི་གནད་དོན་ཐག་གཅོད་བྱས་པས་དམངས་འཚོ་འཕེལ་རྒྱས་ཀྱི་མགྱོགས་ལམ་བསྐྲུན་ཡོད་པ་རེད།