“སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་རང་ཉིད་ཀྱི་ཕྲག་ཐོག་གི་འགན་འཁྲི་ལྕི་པོ་ཡོད་པས་སེམས་འགུལ་ཆེན་པོ་ཐེབས་པ་མ་ཟད། གཟི་བརྗིད་ཡིན་པའི་ཚོར་སྣང་ཡང་འདུག”ཅེས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྷ་ས་པའོ་ཧྥ་ཡུལ་སྐོར་ལས་དོན་ཁང་གི་སྤྱི་སྐད་སྣེ་ཤན་པ་རོན་ཧའེ་ཆོན་གྱིས་བཤད། ཚོགས་ཆུང་གི་གྲོས་བསྡུར་ནང་ཁོང་གིས་བོད་ཀྱི་ཡུལ་སྐོར་སྣེ་ཤན་པའི་དཔུང་ཁག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། བོད་འདི་ཉིད་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞིག་ཏུ་བསྐྲུན་རྒྱུར་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་བྱས་ཏེ། རང་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
རོན་ཧའེ་ཆོན་གྱིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང“རིག་གནས་ཀྱི་རང་རྟོན་རང་སྟོབས་ལ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་རིག་གནས་ཀྱི་འོད་སྟོང་གསར་པ་གཏོད་དགོས”ཞེས་པའི་ནང“རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ལ་སྐུལ་འདེད་གཏོང་རྒྱུ”དེ་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བའི་བླང་བྱ་གལ་ཆེན་ཞིག་ཏུ་བརྩི་དགོས་པ་ཁ་གསལ་བཏོན་ཡོད། དེ་ནི་དུས་རབས་གསར་པ་ཚུན་དུ་རང་རྒྱལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་ལམ་བུ་དང་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་ཚད་མཐོའི་ཕྱོགས་སྡོམ་བྱས་པ་ཞིག་ཡིན་ལ། དུས་རབས་གསར་པའི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་པ་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པ་ཞིག་ཀྱང་ཞིག་རེད་ཅེས་གསུངས། སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་རོན་ཧའེ་ཆོན་གྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ནས་གོ་སྐབས་གསར་པར་དམ་འཛིན་བྱེད་པ་དང་། རྒྱང་ལམ་གསར་པར་མདུན་སྐྱོད་བྱེད་པ། ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་པ། གོམ་པ་རེ་རེ་བཞིན་སྤོ་བ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་ཐབས་ཇུས་བཀོད་སྒྲིག་ཁག་བྱ་སྤྱོད་ཐོག་མངོན་པ་དང་ཕན་འབྲས་དངོས་ཐོན་པ་གནང་ཡོད་པ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་རྩི་ཤིང་སྒྲིག་འཛུགས་གསོ་སྦྱོང་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཉི་སྒྲོན་གྱིས། སྲིད་གྲོས་ཀྱི་ཨུ་ཡོན་ཞིག་གི་ངོས་ནས་དེ་ནི་གཟི་བརྗིད་ཅིག་ཡིན་པ་ཕུད། རང་ཉིད་ཀྱི་ཕྲག་ཐོག་གི་འགན་འཁྲི་དེ་བས་ལྕི་པོ་ཡོད། “ངས་བལྟས་ན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་རེད། སྲིད་གྲོས་ཀྱི་ཨུ་ཡོན་གྱིས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བཅས་ཀྱི་འགན་ནུས་ནན་ཏན་སྒྲུབ་དགོས་པ་མ་ཟད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་འབྲེལ་གཏུག་རྒྱ་ཁྱབ་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ནས། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་གསུངས་པ་རེད།