“2017ལོར་ངས་རང་སྨྱན་སྦྱོར་ལས་སྟེགས་སྤྱད་དེ་ལས་ཀ་ཐོག་མར་སྒྲུབ་འགོ་བཙུགས་པ་ཡིན། ཐེངས་ཤིག་རི་ནས་སྦྲུལ་དམར་པོ་ཞིག་མཐོང་ནས་ཡ་མཚན་ཆེན་པོས་པར་བརྒྱབ་སྟེ་དྲ་བར་བཏང་བར་བསམ་ཡུལ་ལས་འདས་པར་བརྙན་པར་ལ་ལྟ་མཁན་ཁྲི་18ཡན་ཟིན་པ་མ་ཟད། ཧྥེན་སི་སྟོང་ཕྲག་གཅིག་ལྷག་ཙམ་མང་དུ་ཕྱིན་སོང”ཞེས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཏི་ལུང་གིས་འཁྱུག་དབྱིངས་དང་འཁྱུག་ལག་གི་རང་སྨྱན་སྦྱོར་གཉེར་མཁན་ལ་གྱུར་པའི་སྐོར་ཕྱིར་དྲན་བྱེད་སྐབས་དགའ་བའི་འཛུམ་མདངས་སྟོན་བཞིན་དུ་བཤད།
ཏི་ལུང་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་གྱི་ས་སྐྱོང་གྲོང་ཚོ་ནས་ཡིན་པ་དང་། དེ་ནི་ཏེང་པའི་གྲོང་ཚོ་ཞིག་རེད། དེ་གའི་ཡུལ་མི་ཞིག་གི་ངོས་ནས། ཏི་ལུང་སྔ་བར་ཕྱི་གསུམ་དུ་ཕ་ཡུལ་གྱི་མཛེས་ལྗོངས་དང་ཁྱད་ཆོས་ཕྱིར་ཁྱབ་སྤེལ་གཏོང་བའི་ལས་ལ་གཞོལ་ཞིང་། ས་སྐྱོང་གྲོང་ཚོའི་རི་སྟེང་གི་ནགས་ཚལ་དང་ནགས་གསེབ་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། ཀོ་ཤ་དང་། གངས་ལྷ་མེ་ཏོག ཨ་པི་ཁ། དབྱར་རྩྭ་དགུན་འབུ་སོགས་སྔོ་སྨན་ཡོད་ལ་ཇ་ལོ་དང་སྤྲེལ་ཁམ་སོགས་ཀྱི་ཁྱད་ལྡན་ཐོན་རྫས་ཀྱང་ཡོད།
སྲིད་གྲོས་ཨུ་ཡོན་གྱི་མིང་ཐོབ་ནས་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་ཐེངས་ཐོག་མ་ཡིན་པའི་ཏི་ལུང་གིས་ཁོམ་པ་འབྱུང་རིམ་བཞིན་ཨུ་ཡོན་གཞན་ལ་སློབ་སྟོན་ཞུས་པར་མྱོང་ཚོར་ཟབ་མོ་བྱུང་ཡོད་པ་སྟེ། “འདི་ལོར་ངས་དྲ་ཐོག་ཐད་གཏོང་ཤེས་ལྡན་པ་གསོ་སྐྱོང་དང་དེར་ཤུགས་སྣོན་རྒྱག་ཤུགས་ཆེ་རུ་གཏོང་བའི་འབྲེལ་ཡོད་སྲིད་ཇུས་ཀྱི་རོགས་སྐྱོར་ནང་དོན་ལ་དམིགས་ཏེ་འབྲེལ་ཡོད་ཀྱི་གྲོས་གཞི་བཏོན་ནས་རང་སྐྱོང་ལྗོངས་ཀྱི་དྲ་ཐོག་གཙོ་སྐྱོང་བ་སྔར་ལས་མང་བས་དྲང་ནུས་དྲིལ་བསྒྲགས་བྱས་ཏེ་ང་ཚོ་འཚོ་སྡོད་བྱེད་སའི་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ་མངོན་པར་བྱས་ནས་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་བོད་ལ་ཡུལ་སྐོར་དུ་ཡོང་བའི་བློ་ཡིད་འགུགས་པའི་རེ་བ་འཆང་བ”འདི་རེད།
ཚང་མའི་དོ་སྣང་བྱ་ཡུལ་དུ་གྱུར་རྗེས། ཏི་ལུང་གིས་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་བཅངས་ནས་བརྩམ་བྱ་རེ་རེའི་བརྗོད་གཞི་དང་། པར་རྒྱག་སྟངས། ཐེབས་སྲིད་པའི་ཤུགས་རྐྱེན་བཅས་ལ་ངོས་འཛིན་ནན་ཏན་དང་ཞིབ་འཇུག་ཞིབ་ཚགས་བྱས་ཏེ་བྱ་བ་ཆུང་ཙག་དག་མུ་ཏིག་བསྟར་ལ་བརྒྱུད་པ་བཞིན་ཚགས་ཚུད་ཡོང་བར་བྱེད་པ་ལས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་གི་འགན་འཁྲི་ལེགས་པར་མངོན་ཡོད།
“ངས་དྲ་རྒྱའི་ལས་སྟེགས་ཡག་པོ་སྤྱད་དེ‘བོད་ཀྱི་ཏེང་པ་ཨ་ཁུའི’ཨང་རྟགས་ཀྱི་ནང་དོན་ཡག་པོ་བཏོན་ནས་དྲང་ནུས་དར་སྤེལ་ཧུར་ཐག་བཏང་སྟེ་མི་རིགས་མཐུན་སྒྲིལ་གྱི་སྦྲེལ་ཟམ་མུ་མཐུད་ཡག་པོ་སྐྲུན་གྱི་ཡིན”ཞེས་ཏི་ལུང་གིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་གསུངས་པ་རེད།