ཚེས་12ཉིན་གྱི་ཕྱི་དྲོར། སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་ཨུ་ཡོན་ཚོས《སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན》དང་《གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན》ལ་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝང་ཅུན་ཀྲེང་དང་། བློ་བཟང་རྒྱལ་མཚན། ཡན་ཅིན་ཧའེ། ཀྲོང་ཡན། ཁྲེན་ཡུང་ཆི། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་རིགས་ཁོངས་ཁག་གི་ཚོགས་ཆུང་དུ་ཕེབས་ནས། སྲིད་གྲོས་ཨུ་ཡོན་ཚོར་གཟིགས་པ་དང་འབྲེལ་གྲོས་བསྡུར་ནང་ཞུགས་པ་རེད།
ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་གྱི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་ཅིང་། ཨུ་ཡོན་ཚོས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ་ནས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་ལྔའི་རིང་གི་ལས་དོན་དང་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཚང་མས། སྙན་སྒྲོན་ཁག་གཉིས་ཀྱི་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་། ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པ། གཙོ་གནད་མངོན་གསལ་དོད་པ། བྱ་ཐབས་ནུས་ལྡན་བཅས་ཡོད་པས་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་འདུག་ཅེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།
ཨུ་ཡོན་ཚོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། ངར་སེམས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་ཀྱིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བོད་ལྗོངས་སྲིད་གྲོས་ཀྱི་བྱ་གཞག་གི་རྣམ་པ་གསར་པ་ཧུར་ཐག་བཏོད་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་ཀྱི་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།
ཚང་མས། ལོ་ལྔའི་རིང་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གྲོས་གཞིའི་ལས་དོན་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བའི་ཉམས་མྱོང་དང་བྱེད་ཐབས་ཁག་གཅིག་འཚོལ་ཞིབ་དང་གསོག་འཇོག་བྱས་པས། ཐབས་འདོན་ཇུས་འབུལ་ཉིན་བཞིན་གནད་འཁེལ་བྱུང་བ་དང་། གྲོས་གཞི་སྒྲུབ་པའི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། མཇུག་འདེད་སྐུལ་སྒྲུབ་བྱེད་ཤུགས་ཆེ་རུ་ཕྱིན་པ། ལམ་ལུགས་དང་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། དེ་དང་ཆབས་ཅིག་དུས་རབས་གསར་པར་གྲོས་གཞིའི་ལས་དོན་ཡག་པོ་སྒྲུབ་པ་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འདུ་ཤེས་ལག་བསྟར་དང་། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་བློ་གྲོས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ་སྤུས་ཚད་མཐོ་བའི་གྲོས་གཞིར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ་དང་། ལས་ཕྱོད་ཆེ་བའི་གྲོས་གཞི་སྒྲུབ་གཉེར་ལ་བརྟེན་ནས་སྤུས་ཚད་མཐོ་བའི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། རྒྱང་ལམ་གསར་པར་གྲོས་གཞིའི་ལས་དོན་གྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས་སྲིད་གྲོས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་དེ་མཐའ་སྐྱོང་བོད་བརྟན་གྱི་ནུས་ཕྱོད་ལ་དེ་བས་ལེགས་པའི་སྒོ་ནས་འགྱུར་བར་བྱེད་ཀྱི་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།