འགོ་འཛུགས་ས་གསར་པ་ནས་རྒྱང་ལམ་གསར་པར་སྐྱོད་པ་དང་དམིགས་ཚད་གསར་པས་ལས་འགན་གསར་པ་དཀྲིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་སྔར་ལས་ལེགས་པོ་ཇི་ལྟར་བྱེད་པར། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་འཐུས་མི་དང་ཨུ་ཡོན་ཚོས། རྒྱང་ལམ་གསར་པར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་འབད་འཐབ་ཀྱི་སྙིང་སྟོབས་རྒྱུན་འཛིན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བཏོན་པའི་བརྗིད་ཆེའི་འཆར་གཞི་མངོན་འགྱུར་ཡོང་བར་བྱས་ཏེ་ལོ་རྒྱུས་དང་མི་དམངས་ལ་རྒྱུགས་ལན་གསར་པ་ལེགས་པོ་ཞིག་འབུལ་གྱི་ཡིན་ཞེས་གསུངས་པ་རེད།
རྒྱལ་ཡོངས་ཀྱི་སྔོ་ཚལ་ཧྲོའུ་ཀོང་དུ་ཡོད་པ་དང་བོད་ཀྱི་སྔོ་ཚལ་པ་སྣམ་དུ་ཡོད། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གིས“དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་བརྒྱབ་པས། ལོ་བཅུ་བསྟུད་མར་འབྲུ་རིགས་ལ་ཐོན་འབབ་ཡག་པོ་བྱུང་ནས་ཐོན་འབབ་རྒྱ་མ་དུང་ཕྱུར་1ཡན་ཟིན་ཡོད་པ་རེད། པ་སྣམ་རྫོང་གི་འཕེལ་རྒྱས་ལ་ཕྱིར་མིག་ལྟ་སྐབས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། པ་སྣམ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཁྲེན་ཧྥུང་གིས་མྱོང་ཚོར་ཟབ་མོས་གསུངས་དོན། པ་སྣམ་རྫོང་གི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་ལག་ལེན་དངོས་ནས་ར་འཕྲོད་བྱུང་ཡོད། པ་སྣམ་རྫོང་གིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་མིག་སྔ་དང་སླད་ཕྱིན་ངེས་པར་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྤྱི་འདོམས་སུ་མཐའ་འཁྱོངས་བྱས་ནས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་རང་རྟོགས་ངང་ལག་བསྟར་བྱེད་དགོས།
“གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། རིག་ལྡན་སློབ་གྲྭའི་ལས་གྲྭ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། ཚད་ལྡན་ཅན་གྱི་ལུས་རྩལ་ཐང་གསར་སྐྲུན་བསྐྱར་སྐྲུན་བྱེད་པ། སློབ་གྲྭའི་སྤྱི་ཡོངས་མཐོར་གཏོང་སྒྱུར་བཀོད་ལས་གྲྭ་ལས་འགོ་འཛུགས་གྲབས་ཡོད་པ། དགེ་རྒན་དཔུང་ཁག་སྟོབས་ཆེར་སོང་བ། དགེ་རྒན་གྱི་གྲུབ་ཆ་ཉིན་བཞིན་ལུགས་མཐུན་དུ་གྱུར་པ། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ལོ་རེ་བཞིན་ཡག་ཏུ་འགྲོ་བ” རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྙེ་མོ་རྫོང་སློབ་འབྲིང་གི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ནན་ཝུན་གྱིས་ཉིན་བཞིན་འགྱུར་ལྡོག་འགྲོ་བའི་སློབ་གྲྭའི་སྐོར་གླེང་སྐབས་དེ་ལྟར་གསུངས་པ་རེད།
ནན་ཝུན་གྱིས། གཞི་རིམ་གྱི་སློབ་གསོའི་ལས་དོན་པ་ཞིག་གི་ངོས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་བྱེད་པར་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཡིད་ལ་བརྟན་པོར་ངེས་པ་དང་། ཐོག་མཐའ་བར་གསུམ་དུ་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ལས་འགན་བློ་ལ་བརྟན་པོར་ངེས་ནས་སློབ་གསོའི་སྤུས་ཚད་ཡག་ཏུ་གཏོང་རྒྱུ་ཁྲིད་སྟོན་དུ་བྱས་ཏེ་སློབ་གྲྭའི་དོ་དམ་ལམ་ལུགས་དང་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སློབ་གྲྭའི་ཐོན་ཁུངས་བཀོད་སྒྲིག་དང་ལས་ཀའི་གཙོ་གནད་དེ་སློབ་གསོ་དང་སློབ་ཁྲིད་ཐོག་ཏུ་གཅིག་སྡུད་བྱས་ཏེ་སློབ་མའི་ལུས་སེམས་ཀྱི་ཁྱད་ཆོས་དང་བསམ་བློའི་དོན་དངོས་ལ་གཞིགས་རྒྱུ་མཐའ་འཁྱོངས་བྱེད་པ། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་སྒྱུར་བཅོས་དང་གསར་གཏོད་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ། དུས་རབས་གསར་པའི་སློབ་གསོ་དང་སློབ་ཁྲིད་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ་དཔེ་ཁྲིད་མི་སྐྱོང་གི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་གི་ཡིན་ཞེས་གསུངས་པ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་སྐབས་གཉིས་བྱེད་མྱོང་བའི་ཉིང་ཁྲི་རུན་ཤིན་ཁེ་ལས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧན་ཡུས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་བ་ལས་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས་ངོས་འཛིན་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་མི་དམངས་རང་ཁྱིམ་རང་བདག་འགན་ལེན་བྱེད་དགོས་ལུགས་བཏོན་པ་དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་རེད། མིག་སྔར་སྲིད་གྲོས་ཀྱི་ལས་དོན་ལ་དུས་བབ་དང་ལས་འགན་གསར་པ་འཕྲད་ཡོད་པས། སྲིད་གྲོས་ཨུ་ཡོན་ཞིག་གི་ངོས་ནས་འགན་འཁྲི་ལྕི་པོ་དང་ལས་འགན་གཟི་བརྗིད་ལྡན་པ་ཞིག་རེད།
ལོ་འདི་དག་རིང་། ཁེ་ལས་འཕེལ་རྒྱས་འགྲོ་ཚུལ་ལ་ཕྱིར་མིག་ལྟ་སྐབས་ཧན་ཡུས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་བསྒྲུབ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ཡོད། ཀུང་སིས་རིམ་རྩིས་བྱས་ན་དབུལ་སྐྱོར་གྱི་ཁེ་འབབ་བགོ་འགྲེམས་དང་ཞལ་འདེབས་བརྒྱབ་པ་སྒོར་ཁྲི་1000ལྷག་ཙམ་ཟིན་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་ས་གནས་དེ་གའི་མང་ཚོགས་ཁྲི་1ལྷག་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད་པ་རེད།
གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་སྐྱ་སྐྱ་གྲོང་རྡལ་སྐྱ་སྦུག་གྲོང་ཚོ་ནི་དཔེ་མཚོན་གྱི་འབྲོག་ལས་གྲོང་ཚོ་ཞིག་རེད། ཉེ་བའི་ལོ་ཤས་རིང་། སྐྱ་སྦུག་གྲོང་ཚོས“ཏང་འཛུགས་སྐྱོང་+”ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་ཁྲིད་སྟོན་བྱས་ཏེ“ཏང་འཛུགས་སྐྱོང་དང་། གྲོང་གསེབ་དར་རྒྱས། གཞི་རིམ་བཅོས་སྐྱོང་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་ཀྱི་རྣམ་པ་ཕྱོགས་ཡོངས་ནས་བཏོད་དེ་གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་པ། རིག་གནས། སྐྱེ་ཁམས། རྩ་འཛུགས་དར་རྒྱས་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་སྐྱ་སྐྱ་གྲོང་རྡལ་སྐྱ་སྦུག་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བཀོད་ལས་བྱེད་པ་ཙོའུ་ལཱ་མེ་ཡིས། “འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་ཞིག་ཡིན་པས། འགོ་འཛུགས་པ་ནི་སླད་ཕྱིན་གྱི་ལས་དོན་མཐའ་དག་དང་འབྲེལ་བ་ཡོད། ངས་ལས་ཀ་དང་ལས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་དང་། རང་འགན་གཙང་སྒྲུབ་ནན་ཏན། ཐབས་འདོན་ཇུས་འབུལ་ཧུར་ཐག་བཅས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བཏོན་པའི་ཐབས་ཇུས་དང་བཀོད་སྒྲིག་ཁག་གཞི་རིམ་དུ་དོན་འཁྱོལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཁྱབ་ཁོངས་གཅིག་ལ་གཟི་བརྗིད་བསྣན་པ་མ་ཟད། ཁྱོན་ཡོངས་ལ་བཀྲག་མདངས་ཀྱང་སྣོན་གྱི་ཡིན”ཞེས་གསུངས་པ་རེད།