ཟླ་1ཚེས་11ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྲི་ཀུའེ་ལིང་མགྲོན་ཁང་དུ་གྲོས་གཞིར་བཟོ་བཅོས་གནང་བཞིན་བཞུགས་འདུག ནད་སྐྱོང་གི་ལས་ལ་གཞོལ་ནས་ལོ་31སོང་བའི“སྨན་གཡོག་རྒན་གྲས”ཤིག་གི་ངོས་ནས་བརྗོད་ན་ཁོང་ལ་མྱོང་ཚོར་ཟབ་མོ་ཡོད་པ་དང་། གསར་དུ་བདམས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གི་ངོས་ནས་ཁོང་གིས་རང་ཉིད་ཀྱི་གྲོས་གཞི་སྔ་ཙམ་དོན་འཁྱོལ་ཐུབ་པའི་རེ་བ་བྱེད་ཀྱི་འདུག
ན་ནིང་དབྱར་ཁར་གློ་བུར་དུ་ཐོན་པའི་རིམས་ནད་ལ་དམིགས་ཏེ། ཧྲི་ཀུའེ་ལིང་དང་ལས་རོགས་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་གནང་། ཉིན་ལྟར་ལྗིད་ཅིང་མཐུག་པའི་འགོག་སྲུང་གྱོན་ཆས་གྱོན་དགོས་པས་ཚ་བ་ཆེ་ལ་ངལ་དུབ་ཆེན་པོ་ཡོད། ཧྲི་ཀུའེ་ལིང་གིས། “ལྷག་པར་དུ་གདན་བཀོལ་སྨན་གཡོག་ཚང་མ་སྤྱིར་ན་འཐབ་ཕྱོགས་དང་པོར་ལས་ཀ་བྱེད་ཀྱི་ཡོད། ཡོང་འབབ་མང་པོ་མེད་ཀྱང་ལས་ཀའི་ཧུར་སེམས་ཆེ་བས་མི་རྣམས་ལ་སེམས་འགུལ་ཐེབས་དགོས་པ་ཞིག་འདུག དེར་བརྟེན་ངས་བཏོན་པའི་གྲོས་གཞི་ནི་རང་སྐྱོང་ལྗོངས་ཀྱིས་འབྲེལ་ཡོད་སྲིད་ཇུས་གང་མགྱོགས་བཏོན་ཏེ་གདན་བཀོལ་སྨན་གཡོག་གི་སྒྲིག་ཁོངས་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུའི་རེ་བ་བྱེད་པ་དེ་ཡིན”ཞེས་གསུངས་པ་རེད།
ཧྲི་ཀུའེ་ལིང་གིས། ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་ལ་ཆ་བཞག་ན། སྨན་ཁང་ཡོངས་སུ་ཁྱོན་སྨན་གཡོག་220ཡོད་པའི་ནང་གདན་བཀོལ་སྨན་གཡོག་108ཡོད་ཅིང་། དེས་སྨན་གཡོག་སྤྱི་འབོར་གྱི་50%ཙམ་བཟུང་ཡོད། སྨན་ཁང་ནས་གདན་བཀོལ་སྨན་གཡོག་གི་གླ་ཕོཌ་སྤྲོད་དགོས་པས། ཟླ་རེར་འགན་བཅོལ་སྣ་ཚོགས་འཐེན་རྗེས། དངོས་སུ་ལེན་རྒྱུ་ཡོད་པའི་གླ་ཕོགས་སྒོར་2400ཡས་མས་ལས་མེད། བྱ་དགའི་དངུལ་དང་ཁ་གསབ་གཞན་དག་བསྣན་ནའང་སྒྲིག་ཁོངས་ནང་གི་སྨན་གཡོག་ལས་ཧ་ཅང་ཉུང་བ་ཡོད་ཅེས་གསར་འགོད་པར་གསུངས་བྱུང་།
ཧྲི་ཀུའེ་ལིང་གིས། “གནས་ཚུལ་འདི་རིགས་ལྗོངས་ཡོངས་ཀྱི་སྨན་ཁང་གཞན་དག་ཏུའང་ཡོད། དེ་ནི་ཐུན་མོང་རང་བཞིན་གྱི་གནད་དོན་ཞིག་རེད། གླ་ཕོགས་ཧ་ཅང་དམའ་དྲགས་པའི་དབང་གིས་སྨན་ཁང་གིས་ཤེས་ལྡན་པ་ཉར་མི་ཐུབ་པར་བརྟེན་ནད་སྐྱོང་དཔུང་ཁག་སྟོབས་ཆེར་འགྲོ་བར་འགོག་རྐྱེན་བཟོས་པ་དང་ཆབས་ཅིག་སྨན་ཁང་གི་སྨན་གཡོག་དཀོན་དུ་འགྲོ་གི་ཡོད། ལོ་ལྟར་ཡིག་རྒྱུགས་བཏང་ནས་སྨན་གཡོག་གསར་པ་བསྡུ་གི་ཡོད་མོད། འོན་ཀྱང་སྒྲིག་ཁོངས་ཧ་ཅང་དཀོན་པོ་ཡོད”ཅེས་གསུངས།
ཧྲི་ཀུའེ་ལིང་གིས། ལས་གནས་དམིགས་བསལ་ཡིན་པས་སྨན་གཡོག་གིས་རིགས་མི་འདྲ་བའི་ནད་པར་ནད་གཡོག་རྒྱུག་དགོས་པར་བརྟེན་ངང་རྒྱུད་རིང་པོ་དགོས། ཆེད་ལས་ཀྱི་རྩལ་ནུས་ཕུལ་བྱུང་ཡོད་ཚེ་གཞི་ནས་ལས་གནས་ཀྱི་དགོས་མཁོ་སྐོང་ཐུབ། ཁོང་ཚོ་དངོས་གནས་ཕུལ་དུ་བྱུང་བ་ཞིག་རེད། གདན་བཀོལ་སྨན་གཡོག་ཡིན་པས་ཐོབ་པར་དཀའ་བའི་ལས་ཀའི་གོ་སྐབས་ལ་དེ་བས་གཅེས་སྤྲས་བྱེད་ཀྱི་ཡོད། དུས་རྒྱུན་ལས་ཀར་ཧུར་སེམས་ཆེ་བས་སྤྱིར་ན་རང་སོ་སོའི་ལས་གནས་ཐོག་གི་རྩེར་སོན་མི་སྣ་ཤ་སྟག་རེད”ཅེས་གསར་འགོད་པར་གསུངས་བྱུང་།