ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། 《2023ལོའི་སློབ་གསོ་པུའི་ཐད་གཏོགས་དགེ་འོས་སློབ་ཆེན་གྱི་གཞུང་གྲོན་བཏང་བའི་དགེ་འོས་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད། བརྡ་ཐོའི་ནང་། ཞིང་ཆེན་རིམ་པའི་སློབ་གསོའི་སྲིད་འཛིན་སྡེ་ཚན་ཁག་གིས་གཞུང་གྲོན་བཏང་བའི་དགེ་འོས་སློབ་མའི་ཆེད་དོན་ལས་བསྡུའི་བྱེད་སྒོ་རྒྱུན་མཐུད་སྒྲིག་འཛུགས་ཀྱིས་སྒྲིག་ཁོངས་སྟོང་པ་སྔོན་ལ་སྤྱད་དེ་ལས་མི་བསྡུ་བ་སོགས་ཀྱི་བྱེད་ཐབས་བརྒྱུད། ལས་ཞུགས་ཀྱི་ཆ་རྐྱེན་དང་མཐུན་པའི་གཞུང་གྲོན་བཏང་བའི་དགེ་འོས་སློབ་མར་སྒྲིག་ཁོངས་ཡོད་ལ་ལས་གནས་ཀྱང་ཡོད་པའི་འགན་ལེན་བྱས་ཏེ། ཚང་མར་སློབ་ཁྲིད་བྱེད་སའི་སློབ་གྲྭ་དོན་འཁྱོལ་བྱེད་དགོས་པ་ལས“སྒྲིག་ཁོངས་ཡོད་ཀྱང་ཁ་གསབ་མི་བྱེད་པའི”རིགས་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
བརྡ་ཐོའི་ནང་། 2023ལོའི་ཟླ་5པའི་ཟླ་མཇུག་གོང་གཞུང་གྲོན་བཏང་བའི་དགེ་འོས་སློབ་མ་90%ལ་ཕྱོགས་གཉིས་ཀྱི་གདམ་ག་བརྒྱུད་སློབ་ཁྲིད་བྱེད་སའི་སློབ་གྲྭ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། 2023ལོའི་ཟླ་6པའི་ཟླ་མཇུག་ཏུ་སྔར་བཞིན་གན་རྒྱ་བཞག་མེད་པའི་གཞུང་གྲོན་བཏང་བའི་དགེ་འོས་སློབ་མའི་ཡིག་ཚགས་དང་ཐེམ་ཐོ་སོགས་སྐྱེ་ཁུངས་གནས་སའི་ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་དུ་བསྒྱུར་ནས། ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་ཁག་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྤྱི་འདོམས་ཀྱིས་དགེ་རྒན་དཀོན་པའི་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་དུ་མངགས་དགོས་པ་དང་། གཞུང་གྲོན་བཏང་བའི་དགེ་འོས་སློབ་མ་སློབ་གྲྭ་ནས་མ་ཐོན་གོང་ངེས་པར་དུ་ཚང་མར་སློབ་ཁྲིད་བྱེད་སའི་སློབ་གྲྭ་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
བརྡ་ཐོའི་ནང་ད་དུང་ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་ཁག་གིས་སྒྲིག་གཞིའི་སྒྲིག་ཁོངས་སྡེ་ཚན་དང་མཉམ་དུ་ཞིབ་བཤེར་གཏན་འབེབས་བྱས་པའི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་སྒྲིག་ཁོངས་སྤྱི་འབོར་གྱི་ནང་དུ་གཞུང་གྲོན་བཏང་བའི་དགེ་འོས་སློབ་མ་བསྡུ་བའི་སྒྲིག་ཁོངས་འཆར་གཞིར་སྔ་སྣུར་དུ་བཀོད་སྒྲིག་དང་ཞིབ་བཤེར་རྩིས་ལེན་ཡང་དག་བྱས་ནས། ས་ཁུལ་དེ་གའི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ལས་གནས་ཀྱི་དགོས་མཁོར་སྤྱི་འདོམས་བྱེད་དགོས། ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་ཁག་དང་ཁོངས་གཏོགས་དགེ་འོས་སློབ་ཆེན་ཁག་གིས་འབྲེལ་ཡོད་འགན་ནུས་སྡེ་ཚན་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས། དུས་བཀག་ལྟར་གྲོས་མོལ་བྱེད་པའི་ལམ་སྲོལ་བཙུགས་ཏེ་གཞུང་གྲོན་བཏང་བའི་དགེ་འོས་སློབ་མའི་ལས་ཞུགས་སྲིད་ཇུས་དོན་འཁྱོལ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།