ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ཐེངས་བཅུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ་བཅས་བྱས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་འཐོབ་པར་འགན་ལེན་བྱས་པ་རེད།
ལོ་ལྔའི་རིང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་གི་འགོ་ཁྲིད་གཙང་བཙན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་བཅའ་ཁྲིམས་ཀྱི་ལྟ་སྐུལ་གྱོད་གཞི་སྣ་ཚོགས་59108ཁྲིམས་ལྟར་ཞིབ་གཅོད་བྱས་པ་དེ་སྔོན་གྱི་ལོ་5ཡི་ལྡབ་2.83ཟིན་པ་དང་། དུས་རབས་གསར་པའི་ཞིབ་དཔྱོད་ལས་དོན་ཕྱོགས་ཡོངས་ནས་མཐུན་སྦྱོར་འཕེལ་རྒྱས་གང་ལེགས་བྱུང་སྟེ་ཕྱོགས་ཀུན་ནས་ཡར་རྒྱས་བྱུང་ཡོད།
སྤྱི་ཡོངས་ལ་ཞབས་འདེགས་ཞུ་ཆེད། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཤིང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་བོད་ཀྱི་ལས་དོན་གྱི“དུས་ལྔ་མཉམ་འཁེལ”གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱས་ནས་ཆུ་ཚད་སྔར་བས་མཐོ་བའི་དུས་བདེའི་བོད་ལྗོངས་བསྐྲུན་པར་སྐུལ་འདེད་ཧུར་ཐག་བཏང་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་བ་དང་། དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་དང་བཅའ་ཁྲིམས་ཀྱི་འགག་སྒོ་ནན་སྲུང་བྱས་ཏེ་ཉེས་དོན་ཉེས་གསོག་པ་སྣ་ཚོགས་ཁྱོན12920ཞུ་གཏུག་བྱས་ཡོད། ནག་སེལ་གཤེད་བཅོམ་གྱི་ཆེད་དམིགས་འཐབ་རྩོད་གཏིང་ཟབ་སྤེལ་ནས་ནག་གཤེད་དང་འབྲེལ་བའི་ཉེས་གསོག་པ་241ཞུ་གཏུག་བྱས་ཡོད། སྤྱི་ཚོགས་བཅོས་སྐྱོང་ནང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། “ངས་དོ་དམ”བྱེད་པ་ནས“ཚང་མས་དོ་དམ”བྱེད་པར་སྐུལ་འདེད་བཏང་བ་དང་། སྔོན་ནས་དམ་འཛིན་དང་མཇུག་སྣེའི་གནད་དོན་ཐག་གཅོད་ཐད་ལ་ཞིབ་དཔྱོད་གྲོས་འགོ་སྣ་ཚོགས་5148བཏོན་པར་དང་ལེན་བྱེད་ཚད་92.6%ཟིན་ཞིང་། འབྲེལ་ཡོད་ཚན་པའི་ཚང་བཤེར་ཆད་གསབ་ལ་སྐུལ་འདེད་བཏང་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ཡོད།
མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱ་ཆེད། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་སྲུང་སྐྱོང་བྱས་ཤིང་། མང་ཚོགས་ཀྱི་ཡིག་སྐུར་ངོ་བཅར་ཐེངས་4660བསྒྲུབས་པ་དང་། “ཉིན་7ནང་ཚུན་དུ་ལས་རིམ་རང་བཞིན་གྱི་ལན་འདེབས་རྒྱུ་དང་། ཟླ་3ནང་ཚུན་དུ་བསྒྲུབས་པའི་བརྒྱུད་རིམ་མམ་མཇུག་འབྲས་ཀྱི་ལན་འདེབས་རྒྱུ”ཁས་བླངས་ཡོད། ཉམས་ཞན་ཚོགས་སྤྱིའི་ཁེ་ཕན་ལ་ཁྲིམས་ལྟར་སྲུང་སྐྱོང་བྱས་ནས་ཞིང་པ་ལས་མི་3393ལ་གླ་ཆ་འགྱངས་ཆད་སྒོར་ཁྲི་4643ལེན་རོགས་བྱས་པ་རེད།
འཕེལ་རྒྱས་ལ་གཞོགས་འདེགས་བྱ་ཆེད། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། ལས་བྱེད་ཉེན་རྟོག་པ་ཁྱོན་1359གྲོང་ཚོར་བཅའ་སྡོད་དམ་ཡང་ན་ཧྲུའུ་ཅི་དང་པོའི་འགན་འཁུར་བར་མངགས་པ་དང་། དུད་ཚང་2376དང་ཆ་སྒྲིག་གཉེན་འཚོལ་བྱས་པ། དངུལ་དང་དངོས་པོ་སྒོར་ཁྲི་510.5རི་བ་ཞལ་འདེབས་བརྒྱབ་པ། དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་1541མཐུན་སྦྱོར་དོན་འཁྱོལ་བྱས་པ། གྱོད་དོན་གྱིས་རྐྱེན་པས་དབུལ་པོ་བསྐྱར་ལོག་ཐེབས་པ་དང་དཀའ་ངལ་འཕྲད་པའི་མང་ཚོགས་352ལ་ཁྲིམས་འཛིན་གྱི་རོགས་དངུལ་སྒོར་ཁྲི་721.7དོན་འཁྱོལ་བྱས་པ་བཅས་རེད། རིམས་འགོག་ནང་ནུས་ཤུགས་ཡོད་རྒུས་ཞུགས་པ་དང་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པ་1400ལྷག་ཙམ་མངགས་ནས་རིམས་འགོག་གི་འཐབ་ས་དང་པོར་ཞུགས་ཡོད། “རིམས་འགོག”ལ་ཁྲིམས་ལྟར་སྐུལ་འདེད་བཏང་སྟེ་རིམས་ནད་དང་འབྲེལ་བའི་གྱོད་དོན་ཞིབ་གཅོད་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོས་པ་མ་ཟད། རིམས་ནད་དང་འབྲེལ་བའི་ཉེས་དོན་ཉེས་གསོག་པ་24ཁྲིམས་ལྟར་ཞུ་གཏུག་བྱས་ཤིང་། དཔེ་མཚོན་གྱོད་གཞི་དང“སྐད་གཉིས”དྲིལ་བསྒྲགས་དཔྱད་ཡིག་དང་དེ་བཞིན་རིམས་འགོག་བརྙན་ལམ་150ལྷག་ཙམ་བཀྲམ་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་ལ་གཏོར་བཤིག་བཏང་བའི་ཉེས་གསོག་པ་517ཁྲིམས་ལྟར་ཞུ་གཏུག་བྱས་པ་དང་། ནག་དངུལ་ཕྱིར་བླངས་ཏེ་སྒོར་དུང་ཕྱུར་1.69ཡི་གྱོང་གུན་མ་ཕོག་པ་བཅས་བྱས་ནས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གཏོད་པར་ཤུགས་སྣོན་བརྒྱབ་ཡོད།
སྐྱེ་ཁམས་ལ་རྨང་གཞི་འདིང་ཆེད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ཞབས་འདེགས་ཧུར་ཐག་ཞུས་ཤིང་། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི2646བརྟག་དཔྱད་བྱས་ཏེ་གྱོད་དོན་ཐོ་འགོད་བྱས་པ་དང་། འབྲེལ་ཡོད་ཚན་པ་དང་མི་སྒེར་གྱིས་སྐྱེ་ཁམས་ཉམས་གསོ་བྱེད་པར་དངུལ་སྒོར་ཁྲི་3625.4བཏང་བ། གད་སྙིགས་ཏུན་ཁྲི་6.5དང་ཆུ་ཡུར་སྤྱི་ལེ་1172གཙང་སེལ་བྱས་པ། གཞན་གྱིས་ཁྲིམས་འགལ་ངང་བཟུང་སྤྱོད་དང་། གཏོར་བརླག སྦགས་བཙོག་བཅས་བཏང་བའི་ནགས་ཚལ་དང་རྩྭ་ས་དང་། འདམ་ར། རྨོ་ཞིང་། ས་ཆ་བཅས་མུའུ་7725ལ་སྲུང་སྐྱོང་བྱས་པ། རྩི་ཤིང་མུའུ་6338གསབ་འཛུགས་བཅས་ལ་སྐུལ་འདེད་བཏང་བ་རེད།
ཁྲིམས་སྐྱོང་གི་འགན་འཁྲི་འཁུར་ཆེད། ཆུ་ཚད་སྔར་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་བཏང་ཞིང་། གྱོད་དོན་ཐོ་འགོད་དང་། མྱུལ་ཞིབ། འདྲི་གཅོད། ལག་བསྟར། ལྟ་འདོམས་བཅས་ཀྱི་བྱེད་སྒོ་ཁྲིམས་འགལ་ཡིན་པ་ཁག་1120ཡོ་བསྲང་བྱས་པ་དང་། འཛིན་ཉུང་གཏུག་གཟབ་བཀག་གཟབ་ཀྱི་ཁྲིམས་འཛིན་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ཉེས་གསོག་གི་ཉེས་ཚབས་ཆུང་རིགས་ཐད་མི་1051ཁྲིམས་ལྟར་འཛིན་བཟུང་མི་བྱེད་པ་དང་མི་2318ལ་ཞུ་གཏུག་མི་བྱེད་པའི་ཐག་གཅོད་བྱས་ཡོད། དམངས་དོན་ཞིབ་དཔྱོད་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་ཡོང་བར་སྐུལ་འདེད་བཏང་སྟེ་དམངས་དོན་ཞིབ་དཔྱོད་གྱོད་གཞི་ཁྱོན་3328ཞིབ་གཅོད་བྱས་པ་དེ་སྔོན་གྱི་ལོ་5ཡི་ལྡབ་14ཟིན་ཡོད། དངོས་གནས་ནོར་འཁྲུལ་ཡོད་པའི་དམངས་དོན་ཁྲུན་བཅད་ལ་བསྐྱར་གཅོད་ཞུ་གཏུག་དང་བསྐྱར་ཞིབ་བྱེད་པའི་ཞིབ་དཔྱོད་གྲོས་འགོ་30བཏོན་ཡོད། སྲིད་འཛིན་གཏུག་བཤེར་དང་སྲིད་འཛིན་བྱེད་སྤྱོད་ལ་ལྟ་སྐུལ་ཉིས་བརྩེགས་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་འཛིན་ཞིབ་དཔྱོད་ཀྱི་གྱོད་གཞི་856ཞིབ་གཅོད་བྱས་པ་དེ་སྔོན་གྱི་ལོ་5ཡི་ལྡབ་170ཟིན་ཡོད། སྲིད་འཛིན་ཁྲིམས་འགལ་གྱི་བྱེད་སྤྱོད་ཐད་ཞིབ་དཔྱོད་ཀྱི་གྲོས་འགོ་656བཏོན་པ་དང་། སྲིད་འཛིན་གྱི་དངུལ་ཆད་སྒོར་ཁྲི་407.3འཇལ་རྒྱུར་སྐུལ་འདེད་བཏང་བ་མ་ཟད། དངོས་གནས་ནོར་འཁྲུལ་ཡོད་པའི་སྲིད་འཛིན་ཁྲུན་བཅད་ལ་བསྐྱར་གཅོད་ཞུ་གཏུག་དང་བསྐྱར་ཞིབ་བྱེད་པའི་ཞིབ་དཔྱོད་ཀྱི་གྲོས་འགོ་12བཏོན་ཡོད་པ་རེད།