《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》 སྐོར་གྱི་དྲི་བ་དྲིས་ལན། (1)
ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་རྒྱུའི་དགོས་ངེས་རང་བཞིན་དང་གཞི་རྩའི་བསམ་གཞིག་དེ་གང་ཡིན་ནམ།
ལེ་ཚན་གཏོད་པའི་གཏམ།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཞིང་། ཚོགས་ཆེན་ཐོག་བཟོ་བཅོས་འཆར་ཟིན་འདི་གྲོས་འཆམ་བྱུང་ཉིན་ནས་བཟུང་ནུས་པ་ཐོན་པའི་གཏན་འབེབས་གནང་བ་རེད།
《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》གི་ནང་དོན་དྲིལ་བསྒྲགས་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱེད་པར་སྟབས་བདེ་གང་ལེགས་སྐྲུན་ཆེད། དེ་རིང་ནས་བཟུང་ངེད་རྩོམ་སྒྲིག་ཁང་གིས“ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱི་དྲི་བ་དྲིས་ལན”ཞེས་པའི་ལེ་ཚན་བཏོད་དེ། མདོར་བསྡུས་ཁ་གསལ་ཞིང་གོ་བདེ་བའི་སྒོ་ནས་ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱི་དགོངས་དོན་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་འབུལ་རྒྱུ་ཡིན། ལྷན་རྒྱས་ནས་དོ་ཁུར་དང་དགྱེས་གཟིགས་ཡོད་པར་ཞུ།
ལན། ཏང་གི་སྒྲིག་ཡིག་ནི་ཏང་གི་སྤྱིའི་སྒྲིག་ཡིག་དང་ཏང་གི་རྩ་བའི་ཁྲིམས་ཆེན་ཞིག་ཡིན་པ་དེར། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་གཅིག་སྡུད་ཀྱིས་མཚོན་པ་དང་། ཏང་གི་ལམ་ལུགས་གལ་ཆེན་གཏན་འབེབས་བྱས་ཡོད་པས། ཏང་གི་བྱ་གཞག་ལ་སྐུལ་འདེད་དང་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་མཛུབ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད། ད་ལྟ་ལག་ལེན་བསྟར་བཞིན་པའི་ཏང་གི་སྒྲིག་ཡིག་ནི་ཏང་གི་ཚོགས་ཆེན་བཅུ་གཉིས་པའི་ཐོག་བཟོ་བཅོས་བརྒྱབ་ནས་གཏན་ལ་ཕབ་པ་ཞིག་རེད། ལོ་40ཡི་རིང་། ཏང་གི་སྒྲིག་ཡིག་གི་གཞི་རྩའི་ནང་དོན་བརྟན་པོ་རྒྱུན་འཁྱོངས་བྱས་ནས་ཏང་གི་འཚོ་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། དུས་མཚུངས། ཏང་གི་ལག་ལེན་འཕེལ་རྒྱས་དང་རིགས་པའི་གཞུང་ལུགས་གསར་གཏོད་གཞིར་བཟུང་ཏང་གི་ཚོགས་ཆེན་བཅུ་གསུམ་པ་དང་། བཅུ་བཞི་པ། བཅོ་ལྔ་པ། བཅུ་དྲུག་པ། བཅུ་བདུན་པ། བཅོ་བརྒྱད་པ། བཅུ་དགུ་པ་བཅས་ཚང་མས་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་འོས་འཚམ་བརྒྱབ་ཡོད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་འོས་འཚམ་བརྒྱབ་པ་དེ་ནི་ཏང་ཀྲུང་དབྱང་གིས་ཕྱོགས་གང་ཅིའི་ཐད་ཀྱི་བསམ་འཆར་ཕྱོགས་བསྡུས་བྱས་པ་དང་། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱི་རེ་འདུན་དང་བསྟུན་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད། འདིའི་ཐད་གཙོ་བོ་བསམ་གཞིག་ཁག་བཞི་བྱས་ཡོད་པ་སྟེ།
དང་པོ། ཏང་གི་སྒྲིག་ཡིག་བཟོ་བཅོས་རྒྱག་པ་ནི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པའི་དགོས་མཁོ་ཞིག་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཡོངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་བ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཡུལ་ཁམས་གསར་པ་བཏོད་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཕེལ་རྒྱས་གསར་པ་ཏང་གི་སྒྲིག་ཡིག་ནང་བཀོད་པ་ལས། ཏང་ཡོངས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་གཏོང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་བྱས་ཏེ། དགོངས་པ་དེ་ལས་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་དེ་བས་ཆེ་བ་མངོན་རྒྱུར་ཕན་པ་ཡོད།
གཉིས་པ། ཏང་གི་སྒྲིག་ཡིག་བཟོ་བཅོས་རྒྱག་པ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དགོས་མཁོ་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འཕོ་འགྱུར་ཆེན་པོ་སྤྱི་འདོམས་བྱས་ཡོད། འཐབ་རྩོད་རླབས་པོ་ཆེ་དང་། ལས་གྲྭ་རླབས་པོ་ཆེ། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་གཅིག་འདོམས་བྱས་ཡོད། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་སྤྱི་འདོམས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཛ་དྲག་ལ་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་བཅག་པ། དུས་ཡུན་རིང་པོའི་ནང་ཐག་གཅོད་ཐུབ་མེད་པའི་དཀའ་གནད་མང་པོ་ཐག་གཅོད་ཐུབ་པ། ཕུགས་དང་འབྲེལ་བ་ཡོད་པའི་དོན་ཆེན་དང་བྱ་བ་གལ་ཆེན་མང་པོ་བསྒྲུབས་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད། ཏང་གི་སྒྲིག་ཡིག་ནང་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་དུས་ཐོག་ཏུ་མཚོན་པ་དང་། ཏང་ཡོངས་ཀྱི་བློ་མཐུན་གྱིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་བཅས་ཁོང་དུ་འཕྱུགས་མེད་ཆུད་པ་དང་། ཡིད་ཆེས་སྔར་བས་བརྟན་དུ་གཏོང་བ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་ཕན་པ་ཡོད།
གསུམ་པ། ཏང་གི་སྒྲིག་ཡིག་བཟོ་བཅོས་རྒྱག་པ་ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་དགོས་མཁོ་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་བཅས་བྱས་ནས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ལ་སྤྱི་འདོམས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཏང་གིས་རང་ངོས་གསར་བརྗེ་ཞེས་པའི་ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ལས་སྒྲོལ་བའི་ལན་གཉིས་པ་དེ་རྙེད་པ་རེད། ཏང་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ཀྱི་གྲུབ་འབྲས་ཏང་གི་སྒྲིག་ཡིག་ནང་བཀོད་པ་དེ་ལས་ཏང་ཡོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནམ་ཡང་ཚར་དུས་མེད་པ་དང་ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ཚར་དུས་མེད་པ་བློ་ལ་བརྟན་པོར་ངེས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་ཡར་རྒྱས་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། རང་རེའི་ཏང་གིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོ་སྲུང་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གི་སྲོག་ཤིང་ལ་ཐོག་མཐའ་བར་གསུམ་དུ་འགྱུར་རྒྱུར་ཕན་པ་ཡོད།
བཞི་པ། ཏང་གི་སྒྲིག་ཡིག་བཟོ་བཅོས་རྒྱག་པ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་དགོས་མཁོ་ཞིག་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་དུས་རབས་གསར་པ་ཚུན་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་རྩ་ཆེའི་ཉམས་མྱོང་དང་། རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་ལ་དབྱེ་ཞིབ། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་བླང་བྱ་གསར་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་གསར་པ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བཅས་བྱས་ཏེ། བྱ་སྤྱོད་ཀྱི་རྩ་འཛིན་དང་། མཛད་ཕྱོགས། སྲིད་ཇུས་གལ་ཆེན་བཅས་གཏན་ལ་ཕབ་ཡོད། ཏང་གི་སྒྲིག་ཡིག་ནང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་ནང་དོན་གལ་ཆེན་མཚོན་པ་དེ་ལས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་ཕན་པ་ཡོད།
ད་ལྟ་ལག་ལེན་བསྟར་བཞིན་པའི་ཏང་གི་སྒྲིག་ཡིག་སྤྱིར་ན་ཏང་གི་ལས་དོན་དང་ཏང་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱེད་པའི་དགོས་མཁོ་དང་འཚམ་ཞིང་། ལོ་རྒྱུས་ཀྱི་ཉམས་མྱོང་དང་ལག་ལེན་གྱི་བླང་བྱ་གཞིར་བཟུང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཏང་གི་སྒྲིག་ཡིག་བཟོ་བཅོས་རྒྱག་སྐབས་གཤམ་གསལ་གྱི་རྩ་དོན་ལ་བརྩི་སྲུང་ཞུས་ཡོད་པ་སྟེ། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཡོངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་པ། ཏང་གི་སྒྲིག་ཡིག་སྤྱིར་ན་བརྟན་པོ་ཡོང་བ་རྒྱུན་འཁྱོངས་ཀྱིས་ངེས་པར་དུ་བཟོ་བཅོས་རྒྱག་དགོས་པ་དང་ཏང་ནང་ཁུལ་དུ་ངོས་འཛིན་གཅིག་མཐུན་བྱུང་བའི་ནང་དོན་ཁོ་ནར་བཟོ་བཅོས་བརྒྱབ་ནས། བཟོ་བཅོས་བརྒྱབ་རྗེས་ཀྱི་ཏང་གི་སྒྲིག་ཡིག་ནང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་གང་ལེགས་མངོན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་བཏོན་པའི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་གང་ལེགས་མངོན་པ། ཏང་གི་ལས་དོན་དང་ཏང་འཛུགས་སྐྱོང་གི་ཉམས་མྱོང་གསར་པ་གང་ལེགས་མངོན་པ་བཅས་བྱས་ཏེ། དུས་བབ་གསར་པ་དང་ལས་འགན་གསར་པས་ཏང་གི་ལས་དོན་དང་ཏང་འཛུགས་སྐྱོང་ཐད་བཏོན་པའི་བླང་བྱ་གསར་པ་དང་འཚམ་པར་བྱས་ཡོད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣