ཉེ་ཆར། ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་འཐུས་མི་དང་ཡུལ་སྨད་ཤང་གི་ཞིང་འབྲོག་ཏང་ཡོན་སྒྲོལ་དཀར་མཐའ་མཚམས་ཀྱི་འཐབ་ས་མདུན་མར་གནས་པའི་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་དུ་བསྐྱོད་དེ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་མ་ཟད། མི་དམངས་ཉེན་རྟོག་པ་དང་མཉམ་དུ་རྒྱལ་དར་སྒྲེང་བ་དང“སངས་རྒྱས་ཆོས་པའི”མཐའ་མཚམས་སྐོར་གཡེང་ལམ་བུར་བསྐྱར་དུ་སྐྱོད་པ་སོགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད།
“སྒྲོལ་དཀར་ཉེན་རྟོག་པའི་སྒར་སར་ཕེབས་ནས་ང་ཚོ་དང་ངོ་འཕྲད་སྤེལ་རེས་གནང་བ་ནི་ཐོབ་པར་དཀའ་བའི་སློབ་སྦྱོང་གི་གོ་སྐབས་ཤིག་རེད”ཅེས་ཚོགས་འདུ་མ་འཚོག་གོང་སློབ་སྟོན་པ་ཝང་ཝུའེ་ཡིས་རེ་བས་ཁེངས་བཞིན་དུ་བཤད།
ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་པའི་སྐབས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་བརྙན་ལམ་བརྒྱུད་སྒྲོལ་དཀར་དང་འབྲེལ་བ་བྱས་ཏེ་ཁོང་གིས་ཚོགས་འདུའི་དགོངས་དོན་མཉམ་སྤྱོད་བྱས་པ་ཉན་མྱོང་ཡོད།
“གཅེན་མོ་སྒྲོལ་དཀར་ལགས། ས་གནས་ས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིའི་སྙན་ཞུ་གསན་སྐབས་ཁྱེད་ལ་མྱོང་ཚོར་གང་ཞིག་བྱུང་ངམ”“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་ང་ཚོ་མངགས་གཏོང་ཁང་གིས་ཕྱོགས་གང་དག་ལ་མུ་མཐུད་འབད་བརྩོན་བྱེད་དགོས་ཚུལ་ཐད་ཁྱེད་རང་ལ་གཟིགས་ཚུལ་གང་ཞིག་ཡོད་དམ”སོགས་མངགས་གཏོང་ཁང་གི་ཚོགས་ཁང་དུ་ཚང་མས་ཁོང་ལ་དྲི་བ་གཅིག་མཇུག་གཉིས་མཐུད་ངང་བཏོན།
“རང་ཉིད་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་རྒྱུ་བྱུང་བར་གཟི་བརྗིད་དང་སྤོབས་སེམས་སྐྱེས་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པ་ཐུགས་གྲ་ལེགས་འགྲིག་བྱུང་བར་ང་ཚོ་ཚང་མ་ཧ་ཅང་དགའ་པོའང་བྱུང”ཞེས་སྒྲོལ་དཀར་གྱིས་ཚོགས་འདུར་ཞུགས་པའི་མྱོང་ཚོར་ལྷུག་པོར་གླེང་ཞིང་། ཁོང་གིས“ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་རྒྱལ་ཁབ་ཀྱི་བདེ་འཇགས་ནི་མི་རིགས་བསྐྱར་དར་གྱི་རྨང་གཞི་དང་། སྤྱི་ཚོགས་བརྟན་ལྷིང་ནི་རྒྱལ་ཁབ་སྟོབས་འབྱོར་ལྡན་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞེས་བསྟན་ཡོད། ང་ཚོ་ཚང་མ་ཡུལ་སྨད་དུ་རྩ་བ་ཚུགས་པའི་མཐའ་མཚམས་སྲུང་མཁན་ཡིན་པས་མུ་མཐུད་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་ཡུལ་སྨད་ཀྱི་རྩྭ་རྩི་ཤིང་ཚུན་ཆད་ཡག་པོ་བསྲུངས་ཚེ་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་གསུངས་པར་ཚོགས་ཁང་དུ་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས།
“ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས་ཁོངས་གཏོགས་ཀྱི་དོན་དངོས་ལ་གཞིགས་ནས་ཏང་ཡོན་དྲིལ་བསྒྲགས་རུ་ཁག་དང་། ཏང་ཡོན་སློབ་ཁྲིད་རུ་ཁག ཏང་ཡོན་རོགས་སྐྱོར་རུ་ཁག ཏང་ཡོན་ཞབས་ཞུའི་རུ་ཁག་བཅས་སྔ་རྗེས་སུ་བཙུགས་ནས་ཁོངས་གཏོགས་ཀྱི་མང་ཚོགས་ལ་ཞབས་འདེགས་ཞུ་བཞིན་ཡོད”ཅེས་སྒྲོག་འགྲེལ་ཚོགས་འདུ་གྲོལ་རྗེས་ཝང་ཝུའེ་ཡིས་སྒྲོལ་དཀར་ལ་དཔུང་ཁག་འཛུགས་སྐྱོང་གི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཁོང་གིས“ཁྱེད་ང་ཚོའི་ཏང་ཡོན་དྲིལ་བསྒྲགས་རུ་ཁག་ནང་ཞུགས་ཚེ་ང་ཚོའི་སྣེ་འཁྲིད་དེ་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་ཡག་པོ་བྱེད་ཐུབ”ཅེས་ཁོང་གདན་ཞུའང་གནང་བ་རེད།
“འགྲིག་དང་འགྲིག ཏང་གི་གསུང་སྒྲ་གཅེན་གཅུང་ཚང་མར་ཤོད་རྒྱུ་བྱུང་ན་ཅི་མ་རུང”ཞེས་སྒྲོལ་དཀར་གྱིས་འཕྲལ་མར་ཁས་བླངས་ཤིང་། ཁོང་གིས“ལོ་འདི་དག་རིང་། མངགས་གཏོང་ཁང་གིས་མང་ཚོགས་ལ་རོགས་སྐྱོབ་དང་། རྩོད་གཞི་འདུམ་འགྲིག ཆ་སྒྲིག་རོགས་སྐྱོར། བདེ་འཇགས་སྲུང་སྐྱོབ། ཕྱུགས་འཚོ་སྐོར་གཡེང་སོགས་ལ་ཞུགས་པར་མང་ཚོགས་ཀྱི་ཁས་ལེན་མཐའ་གཅིག་ཏུ་ཐོབ་པས། ང་ཚོས་མུ་མཐུད་རྡོག་རྩ་གཅིག་སྒྲིལ་དང་མཉམ་དུ་འབད་བརྩོན་བྱས་ཏེ་མཐའ་མཚམས་ས་ཁུལ་ཞི་མཐུན་དང་བརྟན་ལྷིང་ཡོང་བར་རང་ཉིད་ཀྱི་ལེགས་སྐྱེས་འབུལ་དགོས”ཞེས་གསུངས།
ཚོགས་ཁང་ནས་ཕྱིར་ཐོན་སྐབས། དྲོད་འཇམ་ཉི་མ་དགུང་དུ་འཕགས་ནས་དགུན་གྱི་གྲང་ངར་ཅིག་ཅར་དུ་འཇོམས་ཤིང་། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་སྒྲོལ་དཀར་དང་མི་དམངས་ཉེན་རྟོག་པ་རྣམས་ཀྱིས་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་པ་དང་། མཛད་སྒོ་གྲོལ་རྗེས་ཁོང་ཚོ་སླར་ཡང“སངས་རྒྱས་ཆོས་པའི”མཐའ་མཚམས་སྐོར་གཡེང་ལམ་བུར་བསྐྱོད་པ་རེད།
སྒྲོལ་དཀར་གྱིས་མཐའ་མཚམས་སྐོར་གཡེང་བྱེད་མཁན་དཔུང་ཁག་ཁྲོད་ཀྱི་གཞོན་ནུ་ཚོའི་གདོང་ལ་བལྟ་བཞིན་མྱོང་ཚོར་ཟབ་མོས“པཱ་ལགས་ཀྱིས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྦར་མཐིལ་ཙམ་ཡང་ང་ཚོས་བློ་བརྟན་འགྱུར་མེད་ངང་སྲུང་དགོས་ཞེས་སྔོན་མ་རྟག་ཏུ་ང་དང་གཅུང་མོར་གསུངས་ཀྱི་ཡོད། ད་ཆ་ཁྱེད་ཚོ་མཐོང་དུས་ཆུང་དུས་ཀྱི་རང་ཉིད་སེམས་ལ་འཁོར་ལ། མི་རབས་གསར་པའི་མཐའ་སྲུང་ཡུལ་སྨད་པའི་སྐྱེ་སྟོབས་དང་གསོན་ཤུགས་ཀྱང་མཐོང་བྱུང”ཞེས་བཤད།
མཐའ་མཚམས་སུ་སྐོར་གཡེང་བྱེད་སྐབས། སྒྲོལ་དཀར་དང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་མངོན་གསལ་དོད་ས་ཞིག་ཏུ་བཙུགས་ཤིང་། རྒྱལ་ཁབ་ཀྱི་བདག་དབང་མཚོན་ཐབས་ཀྱི་བྱེད་སྟངས་བབ་ཆགས་འདི་འདྲ་ནི་སྔ་ས་ནས་མི་རབས་ནས་མི་རབས་བར་མཐའ་སྲུང་ཡུལ་སྨད་བའི་ཁྲག་རྒྱུན་དུ་སིམ་ཡོད་ལ། ཡུལ་སྨད་ཤང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་མཐའ་མཚམས་སུ་སྐོར་གཡེང་བྱེད་པའི་གོམ་སྟབས་ཀྱང་ནམ་ཡང་མཚམས་འཇོག་མི་སྲིད།