ཟླ་12ཚེས་8ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་རི་དུང་ཤང་དུ་ཕེབས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། རི་དུང་ཤང་གི་གྲོང་ཚོ་ཁག་གི་ཏང་ཀྲི་པུའི་ཧྲུའུ་ཅི་དང་བཞུགས་མོལ་གནང་བ་དང་འབྲེལ་རི་དུང་སྨན་རྩིས་ཁང་དུ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་འཕེལ་རྒྱས་ལ་བརྟག་ཞིབ་གནང་བ་རེད།
སྒྲོག་འགྲེལ་ཚོགས་འདུའི་ཐོག་ཅང་ཅེ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལ་དམ་པོར་དམིགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བརྗོད་དོན་གཙོ་བོ་དང་། གྲུབ་འབྲས་གཙོ་བོ། དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་སོགས་ལ་དམིགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གསོན་ཉམས་དོད་པོས་རྒྱས་བཤད་གནང་བ་དང་འབྲེལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རི་དུང་ཤང་དུ་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བར་དགོངས་འཆར་དང་གྲོས་འགོ་བཏོན་གནང་བ་རེད། ཅང་ཅེ་ཡིས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོཌ་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། དོན་འཁྱོལ་བཅས་ཡག་པོ་བྱེད་པ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལྟར་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་རི་དུང་གི་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ལམ་བུ་ཞིག་ཧུར་ཐག་བཏོད་དེ་མི་དམངས་མང་ཚོགས་ལ་ཐོབ་སྣང་དང་སྐྱིད་སྣང་དེ་བས་མང་བ་ཡོང་ཐབས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
དེ་རྗེས་ཅང་ཅེ་རི་དུང་སྨན་རྩིས་ཁང་དུ་བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་གྱི་འཕེལ་རྒྱས་ལ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་རྒྱ་ཆེའི་སྨན་དོན་ལས་དོན་པས་ཐབས་ལམ་མང་པོ་དང་བྱེད་ཐབས་མང་པོར་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་མཐའ་འཁྱོངས། སེམས་ནུས་ཡོད་རྒུ་བཏོན་ནས་ནད་པར་ཞབས་འདེགས་ཞུས་ཏེ་ཆབ་མདོའི་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།