དབུ་ཤོག>ཆེད་སྒྲིག
  • ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-24

    ཚེས་22ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དུ་གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུའི་འདུ་འགོད་དང་དེ་བཞིན་ས་བབ་མཐོ་སར་ཚ་ཐབ་ཚོད་ལྟ་དང་སློབ་གྲྭའི་དྲོད་རླངས་མཁོ་འདོན་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་ལྟར་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ལངས་ཕྱོགས་སུ་བརྟན་པོ་ལངས་པ་དང་། དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ནས། ཏང་གི་དྲོ་སྐྱིད་མང་ཚོགས་ཀྱི་སེམས་ནང་དངོས་འབྲེལ་ཚོར་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ས་བབ་མཐོ་བའི་ཁུལ་དུ་དུས་ཚིགས་རང་བཞིན་གྱི་ཆུ་དཀོན་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་དགུན་དུས་ཀྱི་འཐུང་ཆུ་འགན་ལེན་བྱ་རྒྱུ་ནི་ཡན་ཅིན་ཧའེ་ཡིས་དོ་ཁུར་ཆེན་པོ་གནང་བའི་གནད་དོན་ཞིག་རེད། ཡན་ཅིན་ཧའེ་ཀོང་ཐང་ཤང་གྲོང་དཀར་ཚོགས་ཆུང་དང་པོའི་དུད་ཚང་རེ་རེ་བཞིན་དུ་ཕེབས་ནས། ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་སྟེ་ཆུ་མཁོ་འདོན་སྒྲིག་ཆས་འཛུགས་སྐྲུན་དང་དེ་བཞིན་ཆུ་འདོན་ཆུ་ཁུངས་དང་ཆུ་སྤུས་དང་འབོར་ཚད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། གྲོང་མི་དབང་ཆེན་གྱིས་དེ་སྔོན་ས་ཐག་རིང་པོ་ནས་ཆུ་ལེན་པར་འགྲོ་དགོས་པས་སྟབས་བདེ་པོ་མེད། ད་ཆ་དགུན་ཁ་གྲང་མོ་ག་ཚོད་ཡོད་རུང་གློག་མཐུད་ཚེ་ཁྱིམ་དུ་ཐད་ཀར་ཆུ་སྤྱོད་ཐུབ། ཡུལ་མི་ཚོས་དགུན་ཁ་གཉིས་རིང་ཆུ་དེ་ལྟར་བེད་སྤྱད་རུང་གནད་དོན་གང་ཡང་མེད་པ་མ་ཟད། ད་དུང་སྟབས་བདེ་རུ་ཕྱིན་པ་དང་ཆུ་སྤུས་དེ་བས་ལེགས་སུ་ཕྱིན་སོང་། དེ་དག་ཚང་མ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད། ཡན་ཅིན་ཧའེ་ཡིས། བྱ་བ་བཟང་པོ་ཡག་པོ་བསྒྲུབ་ཐུབ་མིན་དེ་མང་ཚོགས་ཀྱིས་བཤར་པར་ཉན་དགོས། བྱ་བ་དངོས་ཡག་པོ་བསྒྲུབས་མིན་དེ་གཞན་གྱི་གདེང་འཇོག་ལས་ཤེས་ཐུབ་ཅེས་དགྱེས་ཚོར་ཆེན་པོས་གསུངས།

    གནམ་མཚོ་ཤང་ཇ་དཀར་གྲོང་ཚོའི་ཡུལ་མི་ཀུན་དགའི་ཁྱིམ་དུ་ཡན་ཅིན་ཧའེ་ཡིས་ས་བབ་མཐོ་བའི་ཚ་ཐབ་ཚོད་ལྟའི་ལས་དོན་ཐད་ཀྱི་བསམ་འཆར་དང་གྲོས་འགོ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས། ཚོད་ལྟའི་ལས་དོན་གྱི་དམིགས་ཡུལ་ནི་ཁྱབ་གདལ་གཏོང་རྒྱུ་དེ་ཡིན་པས། མང་ཚོགས་ཀྱི་དགོས་མཁོ་དེ་བྱ་སྤྱོད་ཀྱི་ཕྱོགས་སྟོན་ལ་བརྩིས་ནས་མི་སེར་གྱི་བློ་ཡིད་ཚིམ་ཚད་ཀྱིས་ལས་ཀའི་ཐོབ་ཤོར་ཤན་འབྱེད་བྱེད་པ་དང་། མང་ཚོགས་ཀྱི་བསམ་འཆར་མང་ཙམ་ཉན་པ། དམངས་ཀྱི་གནད་དོན་མང་ཙམ་ཐག་གཅོད་བྱེད་པ། དམངས་སེམས་དང་མང་ཙམ་མཐུན་པ་བཅས་བྱས་ནས། ང་ཚོས“སྒྲུབ་དགོས་པའི་བྱ་བ”དེ་མང་ཚོགས་ཀྱི“རེ་སྒུག་བྱ་ཡུལ”དང་གནད་སྨིན་འབྲེལ་མཐུད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།