འདི་ནི་ཟླ་11པའི་ཚེས་17ཉིན་གྱི་སྔ་དྲོར། འཕྱོངས་རྒྱས་རྫོང་ཤ་གསོས་གྲོང་ཚོའི་ལྕང་གསེབ་ཞིང་ལས་ཐོན་རྫས་ཆེད་ལས་མཉམ་ལས་ཁང་གི་འཁོར་ཁང་དུ་ལས་དོན་མི་སྣས་བྲ་ཕྱེ་ལས་སྣོན་བྱེད་པར་བྲེལ་བ།
པ་སངས་ནོར་བུས་ལག་ཐོགས་ཁ་པར་ནས་བརྙན་ཐུང་པར་ལེན་བྱེད་ཞོར་དུ“ཚང་མས་གཟིགས་དང་། ང་ཚོའི་འདིར་འཁྲུག་ཆ་དོད་པོ་གང་འདྲ་མི་འདུག་གམ། འདི་ལོའི་བྲ་བོར་ཡང་ཐོན་འབབ་ཡག་པོ་བྱུང་སོང་། ཚང་མས་ད་ལྟ་བྲ་ཕྱེ་ལས་སྣོན་བྱེད་བཞིན་འདུག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་གསུངས་ཡོད། བྲ་བོ་ནི་ང་ཚོའི་གྲོང་ཚོའི་དམངས་ཕྱུག་ཐོན་ལས་ཡིན་པས། ཚང་མས་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་ཚེ་ང་ཚོའི་བྲ་བོའི་ཐོན་ལས་སྔར་བས་འཕེལ་རྒྱས་འགྲོ་ངེས་རེད”ཅེས་བཤད།
སྐར་གསོག་བརྗེ་ལེན་བྱས་པས་ཉོ་མཁན་མང་བ།
“རིག་གནས་དངུལ་ཁང”ནི་ཐོ་བཀོད་སློབ་སྦྱོང་དང་། བརྙན་ལམ་མཉམ་སྤྱོད། དང་བླངས་ཞབས་ཞུ། སྐར་གསོག་བརྗེ་ལེན་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་དྲ་ཐོག་གི་ཕྱོགས་བསྡུས་སློབ་སྦྱོང་ལས་སྟེགས་ཤིག་རེད། འདི་ལོའི་ཟླ་6པར། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས“འཕྱོངས་རྒྱས་ཀྱི་སྐད་འཕྲིན”ཞེས་པའི་སྤྱི་རྟགས་བརྒྱུད་དངོས་སུ་ཞབས་འདེགས་ཞུ་འགོ་ཚུགས་ཤིང་། མིག་སྔའི་བར་ཐོ་འགོད་མཁན་མི་གྲངས་9200ལས་བརྒལ་བ་དང་ཆ་སྙོམས་ཉིན་རེར་སྤྱོད་མཁན་4000ཟིན་གྱི་ཡོད། ཤ་གསོས་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཤི་ལོག་དབང་འདུས་ཀྱིས“‘རིག་གནས་དངུལ་ཁང’ནི་མཉེན་ཆས་ཡག་པོ་ཞིག་རེད། དེའི་ནང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་ཐུབ་པ་མ་ཟད། ད་དུང་བརྙན་ཐུང་ཁྱབ་སྤེལ་དང་། པར་རིས་བརྒྱུད་བསྐུར། རྩོམ་ཡིག་ལྟ་ཀློག ལན་འདེབས་པ་བཅས་བརྒྱུད་སྐར་མ་བསགས་ཏེ། སྐར་མ་10སྒོར་1ལ་བརྩིས་ནས་གྲོང་ཚོ་ཨུ་ལྷན་དང་རྫོང་གྲོང་གི་དམིགས་འཛུགས་སྒོ་རྩིས་ཚོང་ཁང་ནས་འཚོ་བའི་མཁོ་ཆས་བརྗེ་ཆོག་གི་འདུག དེའི་ནང་བརྒྱུད་བསྐུར་བྱས་པའི་བརྙན་ཐུང་མང་ཆེ་བ་མང་ཚོགས་ཀྱིས་པར་བླངས་པ་མ་ཟད། ཉེ་འགྲམ་དུ་ཡོད་པའི་བྱ་བ་ཤ་སྟག་ཡིན་པས་འཚོ་བ་དངོས་ཀྱི་དགོས་མཁོ་དང་འཆམ་པོ་འདུག བྱས་ཙང་ད་ཆ་མི་ཚང་མས་དེ་བེད་སྤྱོད་བྱེད་ཀྱི་ཡོད”ཅེས་བཤད།
“ཁྱེད་རང་གཟིགས་དང་། ཉིན་ཤས་གོང་ངས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་གི་སྒྲོག་འགྲེལ་ཚོགས་འདུའི་ཐོག་བརྙན་ཐུང་ཞིག་བླངས་པས་འཕྲལ་མར་སྐར་མ་30གསོག་ཐུབ་བྱུང་། ད་ཆ་རྫོང་ཡོངས་ཀྱི་མི་མང་པོས་ངའི་བརྙན་ཐུང་དེར་ལྟ་ཐུབ་ཀྱི་ཡོད”བཀྲ་ཤིས་དཔལ་ལྡན་གྱིས་ལག་ཐོགས་ཁ་པར་ནང་གི“རིག་གནས་དངུལ་ཁང”ཁ་ཕྱེ་སྟེ་གསར་འགོད་པར་རང་ཉིད་ཀྱིས་བླངས་པའི་བརྙན་ཐུང་དེ་བསྟན་པ་མ་ཟད། ད་དུང་གསར་འགོད་པར། ད་ལོ་ངས་སྐར་མ་བསགས་ནས་ཡི་ཙི་དང་། ཨ་ཅོར། གཙང་ཤོག འདག་རྫས་སོགས་ཉེར་མཁོ་འགའ་བརྗེ་པོ་བརྒྱབ་པ་ཡིན་ཞེས་བཤད་བྱུང་།
མ་ལག་སྤྱོད་འགོ་ཚུགས་པ་ནས་བཟུང་། འཕྱོངས་རྒྱས་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱིས་ཉིན་ལྟར་ཐོ་བཀོད་སློབ་སྦྱོང་བྱེད་ཐེངས་བསྡོམས་འབོར་ཁྲི་28ཟིན་པ་དང་མང་ཚོགས་ཀྱིས་སློབ་སྦྱོང་བྱས་པའི་བརྙན་ཐུང་ཁྲི་1.5ལྷག་ཙམ་བརྒྱུད་བསྐུར་བྱས་ཡོད། ད་ཆ“རིག་གནས་དངུལ་ཁང”སྦྱོང་བ་དང་བེད་སྤྱོད་གཏོང་བ་དེ་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བའི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།
རང་འགུལ་ངང་སློབ་སྦྱོང་བྱས་ནས་བློ་ལ་བརྟན་པོར་ངེས་པ།
ཤ་གསོས་གྲོང་ཚོའི་ཏང་ལོ་30ལྷག་ཙམ་ལོན་པའི་ཕུར་བུ་སྒྲོལ་མའང“རིག་གནས་དངུལ་ཁང”སྤྱོད་མཁན་རྣམ་དག་ཅིག་རེད། ཁོ་མོས་སློབ་སྦྱོང་བྱས་ནས་སྐར་མ་2773བསགས་པ་དེ་ནི་ཤ་གསོས་གྲོང་ཚོའི་སྐར་མ་མཐོ་ཤོས་རེད། གསར་འགོད་པ་ཁོང་གི་ཁྱིམ་དུ་འཚམས་འདྲིར་སྐྱོད་སྐབས། ཁོང་གིས་ཁ་པར་ནས་སློབ་སྦྱོང་བྱེད་ཀྱིན་འབྲི་སྟངས་སྦྱོང་བཞིན་འདུག གསར་འགོད་པ་མདུན་དུ་བསྐྱོད་ནས་ལྟ་སྐབས་ཁོང་གིས་ཁ་པར་ནས་ཞིང་འབྲོག་མང་ཚོགས་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བསླབས་ནས“ཏང་གི་ཚོགས་ཆེན་ཉི་ཤུ་པའི་ལེགས་བཤད”སྦྱོང་བའི་བརྙན་ཐུང་ཞིག་ལྟ་བཞིན་འདུག་ལ། ཁོང་གིས་ཟིན་བྲིས་དེབ་ཏུ་རྒྱ་ཡིག་དང་། སྒྲ་སྦྱོར། བོད་ཡིག་བཅས་ནས་གྲལ་སྟར་འགྲིག་པའི་ཡི་གེ་སྟར་པ་གཅིག་བྲིས་ཡོད་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གསུངས་པའི“རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན”ཞེས་པའི་མི་རྣམས་ལ་བསམ་གཞིག་ཟབ་མོ་དང་སྟོབས་ཤུགས་སྦྱིན་པའི་བཀའ་མོལ་དུམ་བུ་དེ་རེད་འདུག ཕུར་བུ་སྒྲོལ་མས། ད་ཆ་ཉིན་ལྟར“རིག་གནས་དངུལ་ཁང”བརྒྱུད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་རྒྱུ་དེ་ངའི་གོམས་གཤིས་སུ་གྱུར་ཡོད་ཅེས་བཤད། དེས་མ་ཟད་ཁོང་གིས་ད་དུང་རང་ཉིད་ཀྱི་སློབ་སྦྱོང་གི་མྱོང་ཚོར་དང་སྒྲོག་འགྲེལ་ཚོགས་འདུ་དང་། མཉམ་ལས་ཁང་གི་མཉམ་སྡེབ་ངལ་རྩོལ། དང་བླངས་ཞབས་ཞུའི་བྱེད་སྒོ་བཅས་ལ་ཞུགས་པའི་བརྒྱུད་རིམ་དག་བརྙན་ཐུང་བཟོས་ནས“རིག་གནས་དངུལ་ཁང”ལ་བརྒྱུད་བསྐུར་བྱས་པ་དང་ད་ཆ་བརྩམས་ཆོས་95ཙམ་ཁྱབ་སྤེལ་བྱས་ཡོད།
ཕུར་བུ་སྒྲོལ་མས་དགའ་ཚོར་ཆེན་པོས“སློབ་སྦྱོང་བྱེད་ཀྱིན་སྐར་མ་གསོག་ཐུབ་པ་དང་། ཏང་གི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཤེས་ཐུབ་ལ། སྤྱོད་གོ་ཆོད་པའི་ཚོང་ཟོག་ཀྱང་བརྗེ་ཐུབ་ཀྱི་འདུག་པས། དེ་ནི་དངོས་གནས་གཅིག་གོ་ཉིས་ཆོད་ཀྱི་བྱ་བ་ཞིག་རེད་འདུག”ཅེས་བཤད།
ཕུར་བུ་སྒྲོལ་མའི་མྱོང་ཚོར་ཟབ་མོ་ཐོས་རྗེས་གསར་འགོད་པས། ཏང་གི་འགོ་ཁྲིད་འོག་ཁ་ཡོད་ལག་ཡོད་ཀྱི་འཕེལ་རྒྱས་དང་འཕོ་འགྱུར་ཁྲོད་དང་སློབ་སྦྱོང་སློབ་གསོ་རྒྱུན་མཐུད་གཏིང་ཟབ་བྱེད་རིང་ཞིང་འབྲོག་མང་ཚོགས་ཀྱི་སེམས་པ་ཏང་དང་ཇེ་ཉེར་འགྲོ་བཞིན་ཡོད་པའི་ཚོར་བ་ཟབ་མོ་བྱུང་།
དྲ་ཐོག་དང་དྲ་ཕྱི་གཉིས་ཀ་ནས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ།
དེ་ཉིན་དགོང་མོ་ནི་ཤ་གསོས་གྲོང་ཚོའི་གཟའ་འཁོར་རེར་ཐེངས་རེའི་ཞིང་པའི་མཚན་མོའི་སློབ་གྲྭ་འཚོག་པའི་དུས་ཚོད་རེད།
ཤ་གསོས་གྲོང་ཚོས་མཚན་མོའི་སློབ་གྲྭ་གྲོང་ཚོའི་ཇ་ཁང་ཞིག་ཏུ་གཉེར་ཞིང་། གྲོང་ཚོའི་ཏང་ཡོན་མང་ཚོགས་ཚོས་ཤོག་བུ་དང་སྨྱུ་གུ་ཁྱེར་ཏེ་ཕྱོགས་བཞི་མཚམས་བརྒྱད་ནས་ཇ་ཁང་དུ་སློབ་སྦྱོང་བྱེད་པར་ཡོང་གི་ཡོད།
གྲོང་སྡོད་ལས་དོན་རུ་ཁག་གི་ལས་བྱེད་པ་འཇིགས་མེད་རྒྱལ་མཚན་གྱིས་བོད་རྒྱ་ཡིག་རིགས་གཉིས་ནས་ནག་པང་སྟེང“ཏང་གི་ཚོགས་ཆེན་ཉི་ཤུ་པའི་ལེགས་བཤད”ཅེས་པ་བྲིས་རྗེས་གྲོང་གསེབ་དར་རྒྱས་ཀྱི་ཆེད་སྒྲུབ་ལས་བྱེད་པ་ཕུར་བུ་མཚམས་གཅོད་ཀྱིས་སློབ་ཚན་འཁྲིད་འགོ་ཚུགས། ཁོང་གིས་སྔོན་ལ་ཐ་སྙད་ཀྱི་གོ་དོན་འགྲེལ་བཤད་བརྒྱབ་པ་དང་དེ་རྗེས་ཚང་མའི་སྣེ་ཁྲིད་དེ“དུས་རབས་གསར་པའི་གྲུབ་འབྲས་རླབས་པོ་ཆེ་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་དཀའ་སྤྱད་དང་། དོན་གཉེར། འབད་འཐབ་བཅས་བྱས་པ་ལས་ཐོབ་པ་ཞིག་རེད”ཅེས་བཀླགས།
ཏང་ཡོན་ཚོས་བློ་རྩེ་གཅིག་སྒྲིམ་དང་སྐད་གསང་མཐོན་པོས་མཉམ་དུ་བཀླགས་རྗེས་ཚང་མས་རང་སོ་སོའི་ཟིན་བྲིས་ཐོག་རྒྱ་ཡིག་དང་། སྒྲ་སྦྱོར། བོད་ཡིག་བཅས་ཁག་གསུམ་ནས་ལེགས་བཤད་རེ་རེ་བཞིན་འབྲི་ཀྱིན་སྐད་ཆུང་ངུས་ཀློག་བཞིན་མཆིས།
ཕུར་བུ་མཚམས་གཅོད་ཀྱིས་ཏང་ཡོན་ཚོས་སློབ་སྦྱོང་བྱེད་པར་ཡང་ཡང་བལྟས་ཏེ། སྐབས་རེ་འབྲི་ནོར་ཤོར་བ་དག་བཅོས་བྱེད་པ་དང་ཡང་སྐབས་རེ་སྒྲ་གདངས་ཡང་དག་པོ་འདུག་ཅེས་བསྔགས་བརྗོད་ཀྱང་བྱེད་ཀྱི་ཡོད་པས། ཇ་ཁང་ཆུང་ཆུང་དུ་སློབ་སྦྱོང་གི་རྣམ་པ་ཧ་ཅང་ཟབ་མོ་ཡོད། ཆུ་ཚོད་གཅིག་ལྷག་ཙམ་སོང་རྗེས་ཚང་མས་རྒྱ་སྐད་ནས་ལེགས་བཤད་དག་ཡང་དག་པར་ཀློག་ཤེས་པ་མཐོང་སྐབས་གྲོང་སྡོད་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་པོ་ཏུའུ་ཧའེ་ཡན་གྱིས་ཁོ་ཚོ་ཚང་མའི“‘རིག་གནས་དངུལ་ཁང’གི་སྐར་མ་གསོག་ཚད་དང་བརྗེ་སྒྱུར་འཛིན་ཤོག”བཏོན་ནས་སློབ་སྦྱོང་གི་གནས་ཚུལ་བཀོད་པ་མ་ཟད། ཁ་པར་གྱི“རིག་གནས་དངུལ་ཁང”ནང་མི་རེར་སྐར་མ་30རེ་བསྣན་པ་རེད།
ཏུའུ་ཧའེ་ཡན་གྱིས“‘རིག་གནས་དངུལ་ཁང’དྲ་ཐོག་དང་དྲ་ཕྱི་ཚང་མར་འབྲེལ་མཐུད་ཐུབ་པས་དྲ་ཕྱིར་སློབ་སྦྱོང་བྱས་ཀྱང་དྲ་ཐོག་ཏུ་སྐར་མ་གསོག་ཐུབ་ཀྱི་ཡོད། དེར་བརྟེན་ང་ཚོས་ཞིང་པའི་མཚན་མོའི་སློབ་གྲྭ་བརྒྱུད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཟུང་འབྲེལ་བྱས་ཏེ། སློབ་མ་ཚོས་སློབ་ཚན་ཉན་རིམ་བཞིན་སློབ་སྦྱོང་གི་དམིགས་ཚད་ལོན་ཚེ་ང་ཚོས་འཕྲལ་མར་ཁོ་ཚོར་སྐར་མ་སྣོན་གྱི་ཡོད། དེ་ལྟར་བྱས་ཚེ་ཕན་འབྲས་དེ་བས་ཆེ་བ་ཐོན་གྱི་འདུག”ཅེས་བཤད།