ཟླ་11ཚེས་11ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གིས《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་སྔར་བས་ལེགས་སུ་བཏང་ནས་ཚན་རིག་དང་མཐུན་ཞིང་གནད་སྨིན་གྱི་སྒོ་ནས་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》(མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཀྱིས་སྤེལ་བའི(2022)ཡིག་ཨང་101པ)བཀྲམ་པ་རེད། དེ་ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བརྙན་ལམ་ཚོགས་འདུ་འཚོགས་གནང་བ་དང་སྦྲགས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆ་ཚང་པོ་དང་། གནད་ལ་འཁེལ་པོ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱ་ཐབས་དོན་ཚན་ཉི་ཤུ་ལེགས་སུ་གཏོང་བའི་བྱ་ཐབས་ཞིབ་ཕྲ་བཟོ་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཚེས་11ཉིན་གྱི་དགོང་མོར། རང་ལྗོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བཀོད་གཏོང་ཚོགས་འདུ་འཚོགས་ཏེ། བྱ་ཐབས་དོན་ཚན་ཉི་ཤུ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་དགོས་ཤིང་། ད་ལྟ་ལག་ལེན་བསྟར་བའི་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་དང་བླང་བྱ་དོན་ཚན་ཉི་ཤུ་དང་གཅིག་གྱུར་མ་བྱུང་བ་ཡོད་ཚེ། འཕྲལ་མར་ལེགས་སྒྲིག་བྱས་ནས་ལག་ལེན་བསྟར་དགོས་པའི་བླང་བྱ་བཏོན་ཡོད། དེས་ན། གྲོང་ཁྱེར་དང་ས་ཁུལ་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལྟར་ཁྲིམས་ལ་གཞིགས་པ་དང་། ཚན་རིག་དང་མཐུན་པ། གནད་ལ་འཁེལ་བ། དོ་དོ་ནན་ནན། ཕན་འབྲས་ཆེ་བ་བཅས་མཐའ་འཁྱོངས་བྱས་ནས། སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ལེགས་སུ་གཏོང་བ་དང་ལེགས་སྒྲིག་བྱེད་དགོས། ཉིན་ཤས་གོང་རང་སྐྱོང་ལྗོངས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་བརྡ་ཐོ་བཏང་སྟེ། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རྒྱལ་ཁབ་ཀྱི་བྱ་ཐབས་དོན་ཚན་ཉི་ཤུ་སྔར་བས་ཞིབ་ཚགས་དང་། ཏན་ཏིག ཞིབ་ཕྲ་བཟོས་ཡོད་པ་མ་ཟད། ནན་བཤད་བྱས་དོན།
ད་ནས་བཟུང་ཐད་འབྲེལ་པའི་ཐད་འབྲེལ་པ་གཏན་འཁེལ་མི་བྱེད་པ་དང་། ལོགས་སུ་བཞག་ཡོད་པའི་ཐད་འབྲེལ་པའི་ཐད་འབྲེལ་པ་གློད་དགོས་པ་དང་། འབྲེལ་ཐུག་དམ་ཟབ་འབྱུང་མཁན་ལ“གཅིག་སྡུད་ལོགས་དགར་ཉིན་5འཇོག་པ་+ཁྱིམ་དུ་ལོགས་དགར་ཉིན་3སྡོད་པ”ལག་ལེན་སྟར་དགོས་པ། བོད་ལྗོངས་ཤར་བགྲོད་ཀྱི་ཨང་རྟགས་དམར་པོ་ཆགས་པའི་དབང་གིས་ཁྱིམ་དུ་ལོགས་དགར་འཇོག་རིང་། རང་ཉིད་དང་མཉམ་དུ་སྡོད་མཁན་གྱིས་ཕྱིར་མི་འགྲོ་བའི་གཏན་འབེབས་ལག་ལེན་ནན་པོ་སྟར་དགོས། གལ་ཏེ་ཁྱིམ་དུ་ལོགས་དགར་འཇོག་པའི་ཆ་རྐྱེན་མ་ལྡན་ཚེ་གཅིག་སྡུད་ལོགས་དགར་འཇོག་དགོས།
ཉེན་ཁའི་ཁུལ“ཆེ་འབྲིང་ཆུང་གསུམ”ནས“ཆེ་བ་དང་ཆུང་བ”གཉིས་སུ་ལེགས་སྒྲིག་བྱས་ཏེ། དོ་དམ་ཚོད་འཛིན་བྱེད་མི་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་ཡུལ་དེ་གའི་རིམས་ནད་ཐོན་རྗེས་ཉེན་ཁ་ཆེ་བའི་ཁུལ་དབྱེ་འབྱེད་གཏན་འཁེལ་བྱེད་དགོས་པ་ལས། བཀག་སྡོམ་དང་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་ལ་ཁ་གཡར་ནས་ཉེན་ཁ་ཆེ་བའི་ཁུལ་མི་དབྱེ་བ་བྱ་མི་ཆོག ཉེན་ཁ་ཆེ་བའི་ཁུལ་དབྱེ་འབྱེད་གཏན་འཁེལ་དུས་ཐོག་ཏུ་མ་བྱུང་བའི་རྐྱེན་གྱིས་ཉེན་ཁ་ཕྱིར་གྱར་བའི་གནས་ཚུལ་མི་ཐོན་པར་བྱེད་དགོས། ཉེན་ཁའི་ཁུལ་དབྱེ་འབྱེད་གཏན་འཁེལ་བྱེད་སྐབས་ངེས་པར་དུ་སྤྱིར་ཐེམ་ཚན་དང་ཐོག་ཁང་ཚན་པར་བྱས་ནས། དབྱེ་འབྱེད་གཏན་འཁེལ་བྱེད་དགོས་པ་ལས། དབྱེ་འབྱེད་ཀྱི་ཁྱབ་ཁོངས་རང་དགར་རྒྱ་ཆེ་རུ་གཏང་མི་ཆོག ཉེན་ཁ་ཆེ་བའི་ཁུལ་དབྱེ་འབྱེད་གཏན་འཁེལ་བྱས་རྗེས། དུས་ཐོག་ཏུ་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱེད་དགོས། ཉེན་ཁ་ཆེ་བའི་ཁུལ་དུ་ཉིན་ལྔ་བསྟུད་མར་ནད་པ་གསར་པ་མ་ཐོན་ཚེ། ཉེན་ཁ་ཆུང་བའི་ཁུལ་ལ་བཅགས་ནས་དུས་ཐོག་ཏུ་བཀག་སྡོམ་གློད་དགོས།
ཉེན་ཁ་ཆེ་བའི་ཁུལ་ནས་སླེབས་པར“གཅིག་སྡུད་ལོགས་དགར་ཉིན་7འཇོག་པ”ནས“ཁྱིམ་དུ་ལོགས་དགར་ཉིན་7འཇོག་པར”ལེགས་སྒྲིག་བྱེད་རྒྱུ་དང་། དེའི་རིང་བོད་ལྗོངས་ཤར་བགྲོད་ཨང་རྟགས་དམར་པོ་སྤྲད་ནས། རང་ཉིད་དང་མཉམ་དུ་སྡོད་མཁན་ཕྱིར་མི་འགྲོ་བ་ཏན་ཏིག་བྱེད་དགོས། ཁྱིམ་དུ་ལོགས་དགར་སྡོད་པའི་ཆ་རྐྱེན་མེད་ཚེ་གཅིག་སྡུད་ལོགས་དགར་འཇོག་དགོས།
གདུབ་ཟུམ་དོ་དམ་བྱེད་མཇུག་བསྒྲིལ་བའི་ཉེན་ཁ་ཆེ་བའི་ལས་གནས་ཀྱི་མི་སྣར“གཅིག་སྡུད་ལོགས་དགར་ཉིན་7འཇོག་པའམ་ཁྱིམ་དུ་ལོགས་དགར་ཉིན་7སྡོད་པ”ནས“ཁྱིམ་དུ་བསྡད་ནས་བདེ་ཐང་ལྟ་ཞིབ་ཉིན་5བྱེད་པར”ལེགས་སྒྲིག་བྱེད་རྒྱུ་དང་། དེའི་རིང་བོད་ལྗོངས་ཤར་བགྲོད་ཨང་རྟགས་སེར་པོ་སྤྲད་ནས། ཡིན་གཅིག་ཕྱིར་འགྲོ་དགོས་མེད་ཚེ་མི་འགྲོ་བ་དང་། ངེས་པར་དུ་འགྲོ་དགོས་ཚེ་མི་མང་པོ་འཛོམས་སར་མི་འགྲོ་བ་དང་སྤྱི་པའི་འགྲིམ་འགྲུལ་ཡོ་ཆས་ལ་བསྡད་མི་རུང་།
རིམས་ནད་མེད་པའི་ས་ཁུལ་གྱིས་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི་པར་གཞི་དགུ་པར་གཏན་འཁེལ་བྱས་པའི་ཁྱབ་ཁོངས་ལ་ནན་པོར་གཞིགས་ནས། ཉེན་ཁ་ཡོད་པའི་ལས་གནས་དང་གཙོ་གནད་ཀྱི་མི་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་པ་ལས། ཉིང་སྐྱུར་བརྟག་དཔྱད་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏང་མི་ཆོག རིམས་ནད་འགོས་ཡོད་པ་ཤེས་རྗེས། རིམས་ནད་རིག་པའི་བརྟག་དཔྱད་ཀྱི་རྨང་གཞིའི་ཐོག་ཕྱོགས་བསྡུས་བརྡར་ཤ་གཅོད་དགོས་པ་ལས། སྤྱིར་ན་སྲིད་འཛིན་ས་ཁོངས་གཞིར་བཟུང་དམངས་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱ་མི་ཆོག བརྟག་དཔྱད་ཀྱི་ཁྱབ་ཁོངས་གནད་ལ་འཁེལ་བ་དང་ཐེངས་གྲངས་ཀྱང་འོས་འཚམ་ཡིན་དགོས།
“སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྙན་སེང་ཞུ་བ། སྔ་ཙམ་ལོགས་དགར་འཇོག་པ། སྔ་ཙམ་སྨན་བཅོས་བྱེད་པ”བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་ནས། རིམས་ནད་ཀྱི་གཞི་ཁྱོན་ཆུང་དུ་དང་ཐག་གཅོད་བྱེད་ཡུན་ཐུང་དུ་བཏང་སྟེ། འཐབ་ཕྱོགས་རྒྱ་ཆེར་མི་འགྲོ་བ་དང་དུས་ཚོད་ནར་འགྱངས་མི་བྱེད་པ་བྱེད་དགོས་པ་ལས། རེ་སྒུག་བབ་ལྟ་དང་རང་འདོད་རང་སྒྲུབ་གཏན་ནས་བྱ་མི་རུང་།
བཀག་སྡོམ་དང་། ཚོད་འཛིན། ལོགས་དགར་བཅས་བྱས་པའི་མིའི་ཞབས་འདེགས་འགན་ལེན་ལ་ཤུགས་སྣོན་དང་། སློབ་གྲྭའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ལེགས་སུ་གཏོང་བ། ཁེ་ལས་དང་བཟོ་ལས་གླིང་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ། ཁག་བགོས་དང་གོ་རིམ་ལྡན་པའི་སྒོ་ནས་རང་སོར་ལུས་པའི་མི་ཁ་འགྲེམ་བཅས་བྱེད་དགོས།
ལོགས་དགར་བཞག་པའི་མང་ཚོགས་ཀྱི་རྒྱུན་གཏན་གྱི་སྨན་བཅོས་དགོས་མཁོ་འགན་ལེན་བྱེད་དགོས། སྨན་བཅོས་ཀྱི་ཐོགས་མེད་བགྲོད་ལམ་ཤར་གཏོང་ཐུབ་པ་དང་། ཐོག་མའི་ནད་དཔྱད་འགན་འཁྲིའི་ལམ་ལུགས་དང་མྱུར་སྐྱོབ་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས་པ་ལས། རྒྱུ་མཚན་གང་རུང་ལ་ཁ་གཡར་ནས་སྨན་བཅོས་བྱེད་དུ་མི་འཇུག་པ་བྱ་མི་ཆོག
ཟོག་འགྲེམས་ཤར་གཏོང་དང་ཤར་བགྲོད་ཡག་པོ་ཡོང་བར་བྱེད་དགོས། དངོས་ཟོག་གཙོ་བོ་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་གྱི་གློག་རྡུལ་ལམ་ཡིག་སྔོན་ལ་གཉེར་བ་དང་ཞིང་ཆེན་ས་མཚམས་གཞུང་ལམ་གྱི་རིམས་འགོག་ཞིབ་བཤེར་ས་ཚིགས་ཀྱི་ཞིབ་བཤེར་ལས་རིམ་ལེགས་སུ་བཏང་ནས། ཟོག་འདྲེན་རླངས་འཁོར་ལ་ཁ་འགྲེམ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས།
“རྒྱུག་པ་ལེབ་འདུར”དང་འགན་འཁྲི་རིམ་སྣོན་གྱི་གནད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་གཅིག་གྱུར་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་ལག་ལེན་ནན་པོ་བསྟར་ཏེ། རང་དགར་སློབ་གྲྭའི་སྒོ་བརྒྱབ་ནས་སློབ་ཚན་འཁྲིད་མཚམས་འཇོག་པ་དང་། ལས་མཚམས་འཇོག་པ། ཐོན་སྐྱེད་བྱེད་མཚམས་འཇོག་པ། ཆོག་མཆན་མ་ཐོབ་པར་འགྲིམ་འགྲུལ་འགོག་པ། གང་བྱུང་དུ“འཇགས་རྣམ”དོ་དམ་བྱེད་པ། རང་དགར་བཀག་སྡོམ་བྱེད་པ། ཡུན་རིང་བཀག་རྒྱ་མི་གློད་པ། རང་དགར་སྨན་བཅོས་བྱེད་མཚམས་འཇོག་པ་སོགས་ཀྱི་འགན་འཁྲི་རིམ་སྣོན་གྱི་བྱེད་སྤྱོད་སྣ་ཚོགས་གཏན་འགོག་བྱེད་དགོས།
ལྗོངས་ཡོངས་ཀྱིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཐབས་ཇུས་བཀོད་སྒྲིག་ཐོག་མཐའ་གཅིག་ཏུ་གཅིག་གྱུར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་དང་། བློ་བརྟན་འགྱུར་མེད་ངང“ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཐེབས་པའི”སྤྱིའི་ཐབས་ཇུས་དང“སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོཌ་དོན་འཁྱོལ། རིམས་ནད་སྔོན་འགོག་དང་། དཔལ་འབྱོར་བརྟན་པོ། འཕེལ་རྒྱས་བདེ་འཇགས་བཅས་ཀྱི་བླང་བྱ་ལྟར་རིམས་འགོག་གི་ཚན་རིག་གི་རང་བཞིན་དང་གནད་སྨིན་གྱི་རང་བཞིན་སྔར་བས་ཆེ་རུ་བཏང་སྟེ། མི་དམངས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་པོའི་བདེ་ཐང་སྲུང་སྐྱོང་གང་ཐུབ་བྱས་ནས། རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་ལ་ཐེབས་པའི་ཤུཌ་རྐྱེན་གང་ཐུབ་ཅི་ཐུབ་ཀྱིས་ཆུང་དུ་གཏོང་དགོས།