དབུ་ཤོག>ཆེད་སྒྲིག
  • གངས་ལྗོངས་ས་མཐོར་སྐྱིད་པའི་འབྲོག་གླུ་སྙན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-15

    མཐའ་སྟོབས་མཐའ་དར་བྱས་ནས“རྒྱལ་ཁབ་ནི་ཀྲུང་གོ་ཡིན་པ”བློ་ལ་བརྟན་པོར་བཅངས།

    ཞོགས་པའི་ཉི་གཞོན་དལ་བུར་ཤར་བ་དང་བསྟུན་ཇོ་མོ་གླང་མའི་རི་འདབས་ནས་བོད་བྱང་ཐང་བར་མཚམས་སྤྲིན་གྱི་འོད་མདངས་རིམ་གྱིས་འཕྲོས་ཏེ་གནའ་བོའི་ས་གཞིའི་སྟེང་གི་འབྱོར་འབྲིང་གྲོང་ཚོ་624རེ་རེ་བཞིན་གསལ་པོར་འཆར།

    ཉིང་ཁྲི་ནས་གནས་ཡུལ་ལྷོ་པ་མི་རིགས་ཤང་གི་ལམ་བུའི་ཐོག་རྡོ་རིང་ཞིག་ཀྲོང་ངེར་གནས་པ་དང་དེའི་ཐོག“ས་སྲུང་མཐའ་བརྟན། མེས་རྒྱལ་ཁྲི་ལོར་བརྟན་པ་ཤོག”ཅེས་པའི་རྡོ་བརྐོས་ཡི་གེ་གསལ་པོར་མངོན་པ་དང་། སྨན་གླིང་རྫོང་ཆུང་གླིང་གྲོང་ཚོའི་སྔོ་ཐིང་ཐིང་གི་རྩྭ་ཐང་ཐོག་རྒྱལ་དར་ཆེན་པོ་ཞིག་མཁའ་དབྱིངས་སུ་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་པ། མཐའ་མཚམས་ཉེ་འགྲམ་གྱི་ཡུལ་སྨད་ལུང་གཞུང་དུ“ཁྱིམ་གཞིས་ནི་ཡུལ་སྨད་དང་རྒྱལ་ཁོངས་ནི་ཀྲུང་གོ་ཡིན”ཞེས་པའི་ཡི་གེ་དམར་པོ་ཆེན་པོ་མི་སེམས་ལ་ཟུག་པ་ཞིག་ཡོད།

    རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མཐའ་མཚམས་བརྟན་ལྷིང་བྱུང་ཚེ་གཞི་ནས་བདེ་སྐྱིད་ཡོང་སྲིད། ཏང་ཀྲུང་དབྱང་གི་བཀོད་སྒྲིག་འོག ཉེ་བའི་ལོ་ཤས་རིང་། བོད་ཀྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱེད་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་མགྱོགས་སུ་བཏང་ནས་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་ཡོད།

    2021ལོར་བོད་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ཚོས་མཐའ་མཚམས་སུ་གཞི་ཚུགས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་བ། ཕ་ཡུལ་འཛུགས་སྐྲུན་བཅས་བྱ་རྒྱུར་སྐུལ་ལྕག་བྱེད་དགོས”ཞེས་ཆེད་མངགས་ནན་བཤད་གནང་ཡོད། ད་ཆ་རིང་ཚད་ལ་སྤྱི་ལེ་4000ལྷག་ཙམ་ཟིན་པའི་མཐའ་མཚམས་ལམ་ཐིག་ཐོག་ཆུ་དང་། གློག ལམ། སྡོད་ཁང་སོགས་རྨང་གཞིའི་སྒྲིག་བཀོད་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ་དང་། གྲོང་ཚོའི་ནང་གི་ཕོ་མོ་རྒན་གཞོན་ཚང་མས་མཉམ་དུ་རྒྱལ་མཚམས་བསྲུངས་ནས་མཐའ་སྲུང་འཐབ་འཛིང་པ་དང་མཉམ་དུ་དགའ་ཤོས་བྱེད་པའི་གླུ་གཞས“ང་ལངས་པའི་ས་ཆ་ནི་ཀྲུང་གོ་ཡིན། ངས་ཚེ་སྲོག་ལ་བརྟེན་ནས་སྲུང་སྐྱོང་བྱེད”ཅེས་པ་ལེན་བཞིན་ཡོད།

    “ཕ་རྒྱུད་བུས་འཛིན་པ་ནི་མེས་རྒྱལ་དང་ཕ་ཡུལ་གྱི་ཆེད་དུ་ཡིན”

    མངའ་རིས་ས་ཁུལ་རྩ་མདའ་རྫོང་གྲོང་ནས་རང་བྱུང་ཁམས་ཀྱི་དམིགས་བསལ་མཛེས་ལྗོངས་བྲུ་རོང་བརྒྱུད་པ་དང་དེ་ནས་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པའི་གངས་རི་བརྒལ་མཐར་ནགས་ཚལ་སྟུག་ཅིང་ཆུ་བོ་དྭངས་པའི་ཏི་ཡག་ཤང་མིག་ལམ་དུ་འཆར།

    ང་ཚོས་རྩིས་བརྒྱབ་པར། ལམ་དེའི་རིང་ཚད་ལ་སྤྱི་ལེ་260དང་གུག་ཆ་383ཡོད་པར་དུས་ཡུན་ཆུ་ཚོད་བཞི་དང་ཕྱེད་ཀ་འགོར་འདུག

    ལུང་གཞུང་དབུས་ཀྱི་ཏི་ཡག་གྲོང་ཚོར་འབྱོར་སྐབས། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་ནོར་བུས་གྲོང་ཚོ་ཡོངས་ཀྱི་མཐའ་མཚམས་སྐོར་གཡེང་གི་ལས་ཀ་བཀོད་སྒྲིག་བྱེད་བཞིན་འདུག ལོ་དྲུག་ཅུར་སླེབས་པའི་ཁོང་གི་གཟུགས་པོ་མདའ་ལྟར་འདྲོང་བ་དང་བྱེད་ལུགས་བྱེད་སྟངས་ཚང་མ་ཐག་ཆོད་པོ་ཡོད། གསར་འགོད་པས་ཁོང་ལ“སྙིང་སྟོབས་ཆེན་པོ་འདུག”ཅེས་བསྔགས་བརྗོད་བྱེད་སྐབས་ཚེ་རིང་ནོར་བུས་སྤོབས་སེམས་ཆེན་པོས“ལོ་15དམག་མི་བྱེད་མྱོང་བས་དམག་མིའི་བཟོ་ལྟ་ཞིག་དགོས”ཞེས་བཤད།

    ཚེ་རིང་ནོར་བུ་དམག་ཞབས་ཐིམ་རྗེས་བུ་རིག་འཛིན་རྒྱ་མཚོ་སློབ་འབྲིང་འགྲིམ་མ་ཐག་ཁོང་གིས“མཐོ་འབྲིང་ཐོན་རྗེས་དམག་མི་བྱེད་དགོས”ཞེས་རྟག་པར་ཤོད་ཀྱི་ཡོད།

    “པཱ་ལགས་ཀྱི་ཞལ་ལ་ཉན་ནས་དམག་མི་ཞིག་བྱེད་དམ་ཡང་ན་ཕྱིར་འབད་འཐབ་བྱེད་པར་འགྲོ་མིན་ཐད་ང་རང་ཐེ་ཚོམ་སྐྱེས་མྱོང་། མཐར་དམག་མི་བྱས་པ་ཡིན། སྐོར་གཡེང་ཐེངས་དང་པོ་བྱས་ནས་མེས་རྒྱལ་གྱི་ས་མཚམས་རྡོ་རིང་ལ་རེག་དུས་ཕ་རྒྱུད་བུས་འཛིན་པ་ནི་མེས་རྒྱལ་དང་ཕ་ཡུལ་གྱི་ཆེད་དུ་ཡིན་པ་ངས་གསལ་པོར་ཤེས་བྱུང་། འདི་གར་སྲུང་སྐྱོང་བྱས་ནས་བསྡད་ན་བློ་ཧ་ཅང་བདེ་པོ་འདུག་ལ་འཚོ་བར་ཡང་རིན་ཐང་ཆེན་པོ་འདུག”ཅེས་ལོ་24ལ་སླེབས་པའི་གཞོན་ནུ་དེས་ངར་ཤ་དོད་པོས་བཤད།

    ཁོང་གིས་སོ་ལྟ་བྱེད་ས་ནི་རང་གི་པཱ་ལགས་ཀྱིས་དེ་སྔ་སོ་ལྟ་བྱས་ནས་སྡོད་མྱོང་བའི་ས་ཆ་རེད། སྐབས་འགར་པཱ་ལགས་ཆེད་མངགས་འདིར་ལྟ་བར་ཕེེབས་ཀྱི་ཡོད། མ་གྲོས་གཅིག་མཐུན་ངང་ཕན་ཚུན་ལྟ་རེས་བྱེད་པ་ཙམ་གྱིས་མི་རབས་གཉིས་ཀྱི་མཐའ་སྲུང་མི་སྣའི་བརྩེ་སེམས་ཟབ་མོ་བརྒྱུད་སྤྲོད་བྱེད་ཀྱི་ཡོད། ད་ཆ་རིག་འཛིན་རྒྱ་མཚོ་ནི་ལག་རྩལ་ལ་བྱང་ཆུབ་པའི་རླངས་འཁོར་གདོང་སྐྱོད་དམག་མི་ཞིག་ཡིན་པ་མ་ཟད། ད་དུང་དམག་མིའི་སྨན་པ་ཞིག་ཏུའང་གྱུར་བ་དང་། མང་ཚོགས་ལ་དོས་དྲག་གི་ནད་གཞི་ཕོག་སྐབས་རྟག་ཏུ་སྐྱོབ་བཅོས་བྱེད་ཀྱི་ཡོད། ཚེ་རིང་ནོར་བུས་ཀྱང་རྟག་ཏུ་གྲོང་ཚོ་ཡོངས་ཀྱི་མི་ཁྲིད་དེ་མཐའ་སྲུང་དཔུང་སྡེར་དངོས་ཟོག་དབོར་འདྲེན་བྱས་ནས་དམག་མིའི་འགྱུར་མེད་ཀྱི་ཐོག་མའི་བསམ་འདུན་མུ་མཐུད་རྒྱུན་འཁྱོངས་བྱེད་བཞིན་ཡོད།

    ཕ་བུའི་དབར་གྱི་རྒྱུན་འཛིན་ནི་བོད་ཀྱི་དམག་དཔུང་དང་ས་གནས་ཀྱིས་ལག་གདང་སྦྲེལ་ནས་མཐའ་སྲུང་བྱེད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན།

    “གྲོང་དར་དམངས་ཕྱུག་བྱུང་ཚེ། མཐའ་མཚམས་དེ་བས་ཡག་པོ་སྲུང་སྐྱོང་བྱེད་ཐུབ”

    ཆུང་གླིང་གྲོང་ཚོ་ནི་ཡུལ་ལྗོངས་རི་མོ་ལྟར་མཛེས་པའི་གནས་ཡུལ་ལུང་ཤུར་གྱི་དབུས་སུ་གནས་ཡོད།

    རླངས་འཁོར་ནས་བབས་མ་ཐག་ལྷོ་པའི་ཉམས་འགྱུར་ལྡན་པའི་ཤིང་ཁང་ཆུང་ཆུང་ཞིག་མིག་ལམ་དུ་མངོན་པ་དང་། ཁང་པའི་ནང་ལྷོ་པ་རིགས་ཀྱི་འཚོ་བའི་འཕོ་འགྱུར་དང་། མཐའ་མཚམས་སྲུང་སྐྱོང་། རྒྱལ་སྲུང་སློབ་གསོ་བཅས་མཚོན་པའི་དངོས་པོ་དང་པར་རིས་ཡོད་པས་མི་རྣམས་ཀྱིས“གསར་བརྗེའི་འབྲོག་ཁྱིམ་ཆུང་ཆུང”ཞེས་བརྗོད་ཀྱི་ཡོད།

    2017ལོར་རང་སྐྱོང་ལྗོངས་ཀྱི་ཤེས་ལྡན་མི་སྣ་ནང་འདྲེན་གྱི་མིང་ནས་ཀུའེ་ཀྲོའུ་ཡི་ཕོ་གཞོན་དབྱང་ཅེ་ཝུན་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དུ་ཡོང་བ་དང་། ད་ཆ་ཆུང་གླིང་གྲོང་ཚོའི་ཧྲུའུ་ཅི་དང་པོའི་འགན་ཁུར་ནས་ལོ་གཅིག་དང་ལོ་ཕྱེད་ཙམ་སོང་ཡོད། ང་ཚོ་འགྲེམས་ཁང་དུ་སྐྱོད་སྐབས། ཤ་རིད་ཅིང་གྲུང་ཤ་དོད་པའི་ཁོང་གིས་ཡུལ་སྐོར་བར“ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་ལྷོ་པ་རིགས་ཀྱི་མང་ཚོགས་ཚོ་རི་ཁྲོད་དང་གདོད་མའི་ནགས་ཚལ་དུ་སྡོད་གནས་གཏན་འཁེལ་མེད་པ་དང་ལྟོས་གྲོད་པ་མི་རྒྱགས་པའི་རྔོན་པའི་འཚོ་བ་སྐྱེལ་བ་དང་། ལུག་པགས་གཅིག་དུས་བཞིར་གྱོན་ནས་ཉིན་མོ་གྱོན་ཆས་དང་མཚན་མོ་མལ་ཆས་སུ་བྱེད་པའི་འཚོ་བ་སྐྱེལ་གྱི་ཡོད”ཅེས་འགྲེལ་བཤད་རྒྱག་བཞིན་འདུག

    ཉེ་བའི་ལོ་ཤས་རིང་། ཏང་དང་སྲིད་གཞུང་གིས་མཐའ་མཚམས་གྲོང་ཚོར་ལམ་བཟོས་པ་དང་། ཟམ་པ་བསྐྲུན་པ། གློག་ཁྲིད་པ། སྦྲེལ་ཚུགས་བསྐྲུན་པ་སོགས་བྱས་པས་གྲོང་ཚོར་བུ་བཅོལ་ཁང་དང་། འཕྲོད་བསྟེན་ཁང་། ཚོང་ཁང་ཆུང་ཆུང་བཅས་ཡོད་པ་དང་། མང་ཚོགས་རྣམས་སྒོ་ར་ཡོད་པའི་ཁང་པའི་ནང་སྤོས་པ་དང་རང་འབབ་ཆུ་ཀ་ལ་སྤྱོད་ཐུབ་པ་མ་ཟད། སྣུམ་ནག་ལམ་སྒོ་རྩར་ཤར་གཏོང་ཡང་ཐུབ་ཡོད། མང་ཚོགས་ལ་ལས“ཕ་ཡུལ་གྱི་འགྱུར་ལྡོག་གིས་གྲོང་ཁྱེར་གྱི་རྗེས་ཟིན་འདུག”ཅེས་ཚོར་སྣང་ཟབ་མོའི་སྒོ་ནས་བརྗོད་ཀྱི་ཡོད།

    འཚོ་བ་སྐྱིད་པོ་དེ་གང་ནས་བྱུང་བ་དང་ཡང་ཇི་ལྟར་རྒྱུན་མཐུད་བྱེད་དམ། དབྱང་ཅེ་ཝུན་གྱིས་རྒྱལ་ཁབ་ཀྱི་ཐུགས་ཁུར་ལ་བརྟེན་དགོས་ལ་གྲོང་མིའི་འབད་འཐབ་ལ་དེ་བས་བརྟེན་དགོས། “གྲོང་དར་དམངས་ཕྱུག་བྱུང་ཚེ། མཐའ་མཚམས་དེ་བས་སྲུང་སྐྱོང་ཡག་པ་བྱེད་ཐུབ”ཅེས་བཤད།

    ཁོང་གིས་ཡོང་འབབ་རྩིས་རྒྱག་སྐབས། སྐྱེ་ཁམས་ལེགས་སུ་ཕྱིན་ནས་གྲོང་ཚོར་རྒྱ་ཁྱོན་མུའུ་53ཟིན་པའི་ཀོ་ཤའི་དྲོད་ཁང་49ཡོད་པར་2021ལོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་བརྒྱ་ལྷག་བྱུང་བ་དང་། ཡུལ་སྐོར་བ་མང་དུ་སོང་སྟེ་གྲོང་མིས་ཡུལ་སྐོར་ཡོང་འབབ་ལ་བརྟེན་ནས་ལྷོ་པའི་ཁྱད་ལྡན་ཟ་ཁང་གཉེར་སྐྱོང་བྱས་པ། དེའི་ནང་ཞུགས་མཁན་མང་དུ་ཕྱིན་ནས་གྲོང་མི་མང་ཆེ་བར་ལས་ཀ་ཡོད་པས་ན་ནིང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཟིན་ཡོད་པ་རེད།

    དེང་གི་བོད་ལྗོངས་སུ་མི་དམངས་དབར་ཕན་ཚུན་སྙིང་ཉེ་བ་དང་བརྩེ་སེམས་ཟབ་པ་དང་། བདེ་སྐྱིད་ལྡན་པ། འབྱུང་འགྱུར་ལ་རེ་བས་ཁེངས་པ་བཅས་ཡོད། གྲོལ་མ་ཐག་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པས་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་འཆར་གཞི་བཀོད་ནས་ཁ་ཕྱོགས་གསལ་སྟོན་བྱས་པ་མ་ཟད། གངས་ལྗོངས་ས་མཐོར་འཛད་མཐའ་མེད་པའི་སྒུལ་ཤུགས་གསར་པའང་བསྣན་ཡོད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་མཛུབ་ཁྲིད་འོག་མི་རིགས་ཁག་གི་བུ་ཕྲུག་ཁྲི་ཚོ་360ལྷག་ཙམ་གྱིས་སེམས་ནང་རྒྱལ་ཁབ་འཆང་བ་དང་འབད་འབུངས་ཡར་བརྩོན་བྱས་ཚེ། མི་སེམས་འགུལ་བའི་བདེ་སྐྱིད་ཀྱི་འཚོ་བ་གསར་པ་གཏོད་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།