རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྔར་བས་ལེགས་སུ་གཏོང་བའི་བྱེད་ཐབས་དོན་ཚན་ཉི་ཤུ་ཁྱབ་བསྒྲགས་བྱས་པ།
གོང་ཚེས་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གིས《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྔར་བས་ལེགས་སུ་བཏང་ནས་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྔར་བས་ལེགས་སུ་གཏོང་བའི་བྱེད་ཐབས་དོན་ཚན་ཉི་ཤུ་ཡོངས་བསྒྲགས་བྱས་པ་རེད།
(གཅིག)འབྲེལ་འདྲིས་དམ་ཟབ་ཡོད་མཁན“གཅིག་སྡུད་ལོགས་བཀར་ཉིན་7+ཁྱིམ་སྡོད་བདེ་ཐང་ལྟ་ཞིབ་ཉིན3”གྱི་དོ་དམ་བྱེད་ཐབས་དེ“གཅིག་སྡུད་ལོགས་བཀར་ཉིན5+ཁྱིམ་སྡོད་ལོགས་བཀར་ཉིན་3”ལ་ལེགས་སྒྲིག་བྱེད་དགོས་པ་དང་། དེའི་རིང་རྟགས་ཐོན་དོ་དམ་བྱེད་དགོས་ལ། ཕྱིར་འགྲོ་མི་ཆོག གཅིག་སྡུད་ལོགས་བཀར་གྱི་གསོ་རིག་ལྟ་ཞིབ་བྱེད་པའི་ཉིན་དང་པོ་དང་། གཉིས་པ། གསུམ་པ། ལྔ་པ་བཅས་སོ་སོར་ཉིང་སྐྱུར་བརྟག་དཔྱད་ཐེངས་རེ་བྱེད་དགོས། ཁྱིམ་སྡོད་ལོགས་བཀར་གྱི་གསོ་རིག་ལྟ་ཞིབ་བྱེད་པའི་ཉིན་དང་པོ་དང་གསུམ་པ་སོ་སོར་ཉིང་སྐྱུར་བརྟག་དཔྱད་ཐེངས་རེ་བྱེད་དགོས།
(གཉིས)དུས་ཐོག་དང་གནད་འཁེལ་ངང་འབྲེལ་འདྲིས་དམ་ཟབ་ཡོད་མཁན་གཏན་འཁེལ་བྱེད་དགོས་པ་ལས། འབྲེལ་འདྲིས་དམ་ཟབ་ཡོད་མཁན་གྱི་ཐད་འབྲེལ་པ་སླར་ཡང་གཏན་འཁེལ་བྱེད་མི་དགོས།
(གསུམ)ཉེན་ཁ་ཆེ་ཁུལ་ནས་ཡོང་མཁན་མི་སྣར“གཅིག་སྡུད་ལོགས་བཀར་ཉིན་7”བྱེད་པ་དེ“ཁྱིམ་སྡོད་ལོགས་བཀར་ཉིན་7”ལ་ལེགས་སྒྲིག་བྱེད་དགོས། དེའི་རིང་རྟགས་ཐོན་དོ་དམ་བྱེད་དགོས་ལ། ཕྱིར་འགྲོ་མི་ཆོག ཁྱིམ་སྡོད་ལོགས་བཀར་གྱི་ཉིན་དང་པོ་དང་། གསུམ་པ། ལྔ་པ། བདུན་པ་བཅས་སོ་སོར་ཉིང་སྐྱུར་བརྟག་དཔྱད་ཐེངས་རེ་བྱེད་དགོས།
(བཞི)ཉེན་ཁའི་ཁུལ་དེ“ཆེ་བ་དང་། འབྲིང་བ། ཆུང་བ”བཅས་གསུམ་ནས“ཆེ་བ་དང་ཆུང་བ”གཉིས་སུ་ལེགས་སྒྲིག་བྱས་ཏེ་དོ་དམ་ཚོད་འཛིན་མི་སྣ་གང་ཐུབ་ཅི་ཐུབ་ཀྱིས་ཉུང་དུ་གཏོང་དགོས། རྩ་དོན་ཐོག་ནད་དུག་འགོས་མཁན་གྱི་སྡོད་གནས་དང་དེ་བཞིན་འགྲོ་སྐྱོད་བྱེད་མང་ས་དང་རིམས་ནད་འགོས་ཁྱབ་ཅུང་ཆེ་བའི་ལས་ཀ་བྱ་ཡུལ་དང་བྱེད་སྒོ་སྤེལ་ཡུལ་སོགས་ཀྱི་ས་ཁོངས་ཉེན་ཁ་ཆེ་ཁུལ་ལ་གཏན་འཁེལ་བྱེད་དགོས། ཉེན་ཁ་ཆེ་ཁུལ་སྤྱིར་ན་ཐེམ་ཚན་དང་ཐོག་ཁང་སྟར་པ་ལྟར་དབྱེ་བ་ཕྱེ་དགོས་པ་ལས། རང་དགར་ཁྱབ་རྒྱ་ཆེ་རུ་གཏོང་མི་ཆོག ཉེན་ཁ་ཆེ་ཁུལ་ཡོད་སའི་རྫོང(གྲོང་ཁྱེར་དང་། ཆུས། ཆི)གི་ས་ཁུལ་གཞན་དག་ཉེན་ཁ་ཆུང་ཁུལ་ལ་གཏན་འཁེལ་བྱེད་དགོས། ཉེན་ཁ་ཆེ་ཁུལ་དུ་ཉིན་ལྔ་བསྟུད་མར་ནད་པ་གསར་པ་མ་ཐོན་ན། ཉེན་ཁ་ཆུང་ཁུལ་དུ་གཅོག་དགོས། བཀག་རྒྱ་གློད་པའི་ཆ་རྐྱེན་འཛོམས་པའི་ཉེན་ཁ་ཆེ་ཁུལ་དུས་ཐོག་ཏུ་བཀའ་རྒྱ་གློད་དགོས།
(ལྔ)གདུབ་ཟུམ་ལས་སྒྲུབ་མཇུག་འགྲིལ་བའི་ཉེན་ཁ་ཆེ་བའི་ལས་གནས་ཀྱི་ལས་སྒྲུབ་མི་སྣ“གཅིག་སྡུད་ལོགས་བཀར་ཉིན་7ནམ་ཡང་ན་ཁྱིམ་སྡོད་ལོགས་བཀར་ཉིན་7”བྱེད་པ་དེ“ཁྱིམ་སྡོད་བདེ་ཐང་ལྟ་ཞིབ་ཉིན་5”ལ་ལེགས་སྒྲིག་བྱེད་དགོས། དེའི་རིང་རྟགས་ཐོན་དོ་དམ་བྱེད་དགོས། ཉིན་དང་པོ་དང་། གསུམ་པ། ལྔ་པ་བཅས་སོ་སོར་ཉིང་སྐྱུར་བརྟག་དཔྱད་ཐེངས་རེ་བྱེད་དགོས། དགོས་ངེས་མིན་ན་ཕྱིར་འགྲོ་མི་ཆོག ཕྱིར་འགྲོ་དགོས་ཚེ་མི་མང་སར་སྐྱོད་མི་ཆོག་ལ། སྤྱི་པའི་འགྲིམ་འགྲུལ་སོགས་སྡོད་མི་ཆོག
(དྲུག)རིམས་ནད་མེད་པའི་ས་ཁུལ་གྱིས་སྔོན་འགོག་དང་ཚོད་འཛིན་ཇུས་གཞིའི་པར་གཞི་དགུ་པའི་ནང་གཏན་འཁེལ་བྱས་པའི་ཁྱབ་ཁོངས་ལ་ནན་པོར་གཞིགས་ནས་ཉེན་ཁ་ཆེ་བའི་ལས་གནས་དང་གཙོ་གནད་མི་སྣར་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས་པ་ལས། ཉིང་སྐྱུར་བརྟག་དཔྱད་བྱེད་ཁོངས་ཆེ་རུ་གཏོང་མི་ཆོག སྤྱིར་ན་སྲིད་འཛིན་ས་ཁོངས་ལྟར་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་ཀྱི་མིན། འོན་ཀྱང་འགོ་ཁུངས་དང་འགོ་ཁྱབ་ཀྱི་འབྲེལ་ཐག་གསལ་པོ་མེད་པ་དང་། སྡེ་ཁུལ་དུ་འགོ་ཁྱབ་དུས་ཚོད་ཅུང་རིང་བ་སོགས་རིམས་ནད་ཀྱི་གཞི་གྲངས་གསལ་པོ་མེད་པའི་སྐབས་སུ་གཞི་ནས་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས། ཉིང་སྐྱུར་བརྟག་དཔྱད་བྱེད་པའི་ཞིབ་ཕྲའི་ལག་བསྟར་བྱེད་ཐབས་བཟོ་བ་དང་ཚད་ལྡན་དུ་གཏོང་བ་དང་། འབྲེལ་ཡོད་བླང་བྱ་བསྐྱར་ཞུ་དང་ཞིབ་གཏོང་བྱེད་པ། “ཉིན་གཅིག་ལ་བརྟག་དཔྱད་གཉིས”དང་“ཉིན་གཅིག་ལ་བརྟག་དཔྱད་གསུམ”སོགས་ཚན་རིག་དང་མི་མཐུན་པའི་བྱེད་སྟངས་ཡོ་བསྲང་བཅས་བྱེད་དགོས།
(བདུན)རྒྱལ་མཚམས་ནང་འཛུལ་བའི་དུས་གཏན་གནམ་གྲུ་མཚམས་འཇོག་པའི་ལམ་སྲོལ་མེད་པ་བཟོ་བ་དང་འབྲེལ། གནམ་གྲུར་མ་འཛུལ་གོང་གི་ཆུ་ཚོད་48ནང་ཚུན་དུ་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་སྲིབས་གཤིས་ཡིན་པའི་དཔང་ཡིག་དགོས་པ་དེ་གནམ་གྲུར་མ་འཛུལ་གོང་གི་ཆུ་ཚོད་48ནང་ཚུན་དུ་ཉིང་སྐྱུར་བརྟག་དཔྱད་ཐེངས་གཅིག་སྲིབས་གཤིས་ཡིན་པའི་དཔང་ཡིག་དགོས་པར་ལེགས་སྒྲིག་བྱེད་དགོས།
(བརྒྱད)རྒྱལ་མཚམས་ནང་འཛུལ་མཁན་ཚོང་དོན་མི་སྣ་གལ་ཆེན་དང་ལུས་རྩལ་ཚོགས་པ་སོགས“གནས་དང་གནས”བྱས་ཏེ་ལོགས་བཀར་བྱེད་མི་དགོས་པའི་གདུབ་ཟུམ་དོ་དམ་ཁུལ་དུ་བརྒྱུད་འདྲེན་བྱས་ནས་ཚོང་དོན་དང་། སྦྱོང་བརྡར། འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་ཆོག་པ་དང་དེའི་རིང་རྟགས་ཐོན་དོ་དམ་བྱེད་དགོས་ལ། དོ་དམ་ཁུལ་ནས་ཁ་བྲལ་མི་ཆོག
(དགུ)རྒྱལ་མཚམས་ནང་འཛུལ་མཁན་གདགས་གཤིས་ཡིན་པ་གཏན་འཁེལ་བྱེད་པའི་ཚད་གཞི་ནི་ཉིང་སྐྱུར་བརྟག་དཔྱད་ཀྱི་Ctགྲངས་ཐང་35ལས་དམའ་བ་ཡིན་དགོས་པ་དང་། གཅིག་སྡུད་ལོགས་བཀར་གྱི་དུས་ཚོད་ཐིམ་པའི་ཉིང་སྐྱུར་བརྟག་དཔྱད་ཀྱི་Ctགྲངས་ཐང་35ནས་40ཡིན་པའི་མི་སྣར་ཉེན་ཁའི་ཚོད་སྐོར་བྱེད་དགོས། གལ་ཏེ་རིམས་ནད་འགོས་མྱོང་ཡོད་ཚེ། ཁྱིམ་སྡོད་ལོགས་བཀར་བྱེད་སྐབས“ཉིན་གསུམ་ལ་བརྟག་དཔྱད་གཉིས”དང་རྟགས་ཐོན་དོ་དམ་བྱེད་དགོས་ལ། ཕྱིར་འགྲོ་མི་ཆོག་པ་ཁ་གསལ་བཏོན་དགོས།
(བཅུ)རྒྱལ་མཚམས་ནང་འཛུལ་མཁན་ལ“གཅིག་སྡུད་ལོགས་བཀར་ཉིན་7+ཁྱིམ་སྡོད་བདེ་ཐང་ལྟ་ཞིབ་ཉིན3”བྱེད་པ་དེ“གཅིག་སྡུད་ལོགས་བཀར་ཉིན5+ཁྱིམ་སྡོད་ལོགས་བཀར་ཉིན་3”ལ་ལེགས་སྒྲིག་བྱེད་དགོས། དེའི་རིང་རྟགས་ཐོན་དོ་དམ་བྱེད་དགོས་ལ། ཕྱིར་འགྲོ་མི་ཆོག
(བཅུ་གཅིག)སྨན་བཅོས་ཐོན་ཁུངས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། རིམ་དབྱེ་རིགས་དབྱེའི་སྨན་བཅོས་ཇུས་གཞི་དང་། ནད་རྟགས་ཚབས་ཆེ་ཆུང་མི་འདྲ་བའི་ནད་དུག་འགོ་མཁན་སྨན་ཁང་དུ་ཉར་བའི་ཚད་གཞི། རིགས་ཁག་གི་སྨན་བཅོས་སྒྲིག་གཞིར་རིམས་ནད་ཐོན་པ་དང་སྨན་དོན་མི་སྣར་ནད་དུག་འགོས་རྗེས་ཀྱི་ཐག་གཅོད་ཇུས་གཞི་བཅས་བཟོས་ནས་སྨན་དོན་མི་སྣ་ཚང་མར་གསོ་སྦྱོང་ཡག་པོ་བྱེད་དགོས། ནད་སྡོད་ཁང་གི་ཉལ་ཁྲི་དང་ཚབས་ལྕིའི་ནད་པའི་ཉལ་ཁྲི་གྲ་སྒྲིག་ཡག་པོ་བྱས་ནས་སྐྱོབ་བཅོས་ཐོན་ཁུངས་མང་དུ་གཏོང་དགོས།
(བཅུ་གཉིས) གོ་རིམ་ལྡན་པའི་ངང་ཏོག་དབྱིབས་ནད་དུག་གསར་པའི་རིམས་འགོག་སྨན་ཁབ་རྒྱག་རྒྱུར་སྐུལ་འདེད་གཏོང་དགོས། རིམས་འགོག་སྨན་ཁབ་རྒྱག་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ཇུས་གཞི་བཟོས་ནས་ནུས་སྐྱེད་རིམས་འགོག་སྨན་ཁབ་རྒྱག་ཚད་དང་ལྷག་པར་དུ་རྒན་རྒོན་མི་ཚོགས་ལ་ནུས་སྐྱེད་རིམས་འགོག་སྨན་ཁབ་རྒྱག་ཚད་མགྱོགས་མྱུར་མཐོ་རུ་གཏོང་དགོས། ཀུན་འཇོམས་སྲུང་སྐྱོབ་ཀྱི་ནུས་པ་ལྡན་པའི་རིམ་རྐྱང་ངམ་ཡང་ན་རིམ་པ་མང་བའི་རིམས་འགོག་སྨན་ཁབ་ཞིབ་འཇུག་དང་གསར་སྤེལ་མགྱོགས་མྱུར་བྱས་ཏེ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཞིབ་མཆན་འགོད་རྒྱུར་སྐུལ་འདེད་གཏོང་དགོས།
(བཅུ་གསུམ) ཏོག་གསར་གློ་ཚད་བཅོས་པའི་འབྲེལ་ཡོད་སྨན་རྫས་གྲབས་གསོག་བྱེད་མགྱོགས་སུ་གཏོང་དགོས། མཁོ་སྤྲོད་གྲབས་གསོག་ཡག་པོ་བྱས་ནས་ནད་པའི་སྨན་སྤྱོད་དགོས་མཁོ་དང་ལྷག་པར་དུ་ཚབས་ལྕིའི་ནད་རིགས་དང་ནད་པ་རྒན་རྒོན་གྱི་སྨན་བཅོས་དགོས་མཁོ་སྐོང་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་བྱེད་རྒྱུར་མཐོང་ཆེན་བྱས་ནས་ཀྲུང་ལུགས་གསོ་རིག་གི་སྨན་ཐོའི་སྨན་རྫས་གསོག་འཇོག་ཡག་པོ་བྱེད་དགོས། མྱུར་སྐྱོབ་སྨན་རྫས་དང་སྨན་བཅོས་སྒྲིག་ཆས་གྲབས་གསོག་ལ་ཤུགས་སྣོན་རྒྱག་དགོས།
(བཅུ་བཞི) གཙོ་གནད་ལས་ཁུངས་དང་གཙོ་གནད་མི་ཚོགས་ལ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རྒན་རྒོན་དང་། གཞི་ནད་ཡོད་མཁན། སྦྲུམ་མ། བང་གཞུག་བུད་མེད། ཟུངས་ཁྲག་བསིང་བཅོས་ནད་པ་སོགས་མི་ཚོགས་ཀྱི་གནས་ཚུལ་མཐིལ་རྟོགས་བྱས་ནས་བདེ་ཐང་དང་བདེ་འཇགས་འགན་ལེན་གྱི་ཇུས་གཞི་བཟོ་དགོས། རྒན་གསོ་ཁང་དང་། སྨྱོན་ནད་ཆེད་ཚན་སྨན་ཁང་། ཕན་བདེ་ཁང་སོགས་ཉམས་ཞན་མི་ཚོགས་གཅིག་སྡུད་བྱ་ཡུལ་ལ་དོ་དམ་བྱེད་སྟངས་ལེགས་སུ་གཏོང་དགོས།
(བཅོ་ལྔ) “སྔ་ཙམ་བཞིའི”བླང་བྱ་དོན་འཁྱོལ་བྱས་ནས་རིམས་ནད་ཀྱི་གཞི་ཁྱོན་ཆུང་དུ་དང་རིམས་ནད་ཐག་གཅོད་ཀྱི་དུས་ཚོད་ཐུང་དུ་གཏོང་དགོས། ས་གནས་ཁག་གིས་རིམས་ནད་ལ་ཐབས་ལམ་མང་པོའི་ཐོག་ནས་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བ་དང་། གནད་མང་བརྡ་གཏོང་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ། ཞིང་ཆེན་སྒྲོལ་བའི་ཕྱོགས་འགྲུལ་ལ་དམིགས་ནས“འབྱོར་བཤེར”བྱེད་པ། ནད་དུག་འགོ་མཁན་ཤེས་རྟོགས་ཐུབ་ཚེ། ཁྲིམས་ལྟར་དུས་ཐོག་ཏུ་སྙན་སེང་ཞུ་བ། དུས་ཐོག་ཏུ་རིམས་དཔྱད་དང་ཉེན་ཡོད་མཁན་ལ་དོ་དམ་དང་ཚོད་འཛིན་བཅས་བྱས་ཏེ། ས་གནས་ཁག་གིས་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྙན་སེང་ཞུ་བ། སྔ་ཙམ་ལོགས་སུ་བཀར་བ། སྔ་ཙམ་སྨན་བཅོས་བཅས་བྱས་ནས་དམག་ས་རྒྱ་ཆེ་རུ་མི་འགྲོ་བ་དང་དུས་ཡུན་རིང་དུ་མི་འགྲོ་བ་བྱེད་དགོས་པ་ལས། གཞན་སྒུག་བབ་ལྟ་དང་རང་སྣང་གང་འདོད་གཏན་ནས་བྱེད་མི་ཆོག
(བཅུ་དྲུག) “གཅིག་དཔེ་བརྒྱ་འགེབས”དང་འཁྲི་འགན་རིམ་སྣོན་གྱི་གནད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་གནས་ཏང་ཨུད་དང་སྲིད་གཞུང་གིས་ཁོངས་གཏོགས་ཀྱི་འགན་འཁྲི་དོན་འཁྱོལ་དང་རྒྱལ་ཁབ་ཀྱིས་གཅིག་གྱུར་བྱས་པའི་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་ལག་ལེན་ནན་པོ་བསྟར་ནས་རང་དགར་སློབ་གྲྭ་བཀག་སྡོམ་བྱེད་པ་དང་། སློབ་མཚམས་འཇོག་པ། ལས་ཀ་དང་ཐོན་སྐྱེད་བྱེད་མཚམས་འཇོག་པ། ཆོག་མཆན་མ་ཐོབ་པར་འགྲིམ་འགྲུལ་འགོག་པ། གང་བྱུང་དུ“འཇགས་སྡོད”དོ་དམ་བྱེད་པ། གང་བྱུང་དུ་བཀག་སྡོམ་བྱེད་པ། དུས་ཡུན་རིང་པོར་བཀག་རྒྱ་མི་གློད་པ། གང་བྱུང་དུ་སྨན་བཅོས་བྱེད་མཚམས་འཇོག་པ་སོགས་ཀྱི་འཁྲི་འགན་རིམ་སྣོན་གྱི་བྱ་སྤྱོད་གཏན་འགོག་བྱས་ཏེ། བརྡ་ཁྱབ་གཏོང་ཤུགས་དང་དམར་འདོན་བྱེད་ཤུགས་ཆེ་རུ་བཏང་ནས་མཇུག་འབྲས་ཚབས་ཆེན་བཟོས་རིགས་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས།
རིམ་ཁག་འཁྲི་འགན་རིམ་སྣོན་གནད་དོན་བཅོས་སྒྲིག་བྱེད་པའི་ཆེད་སྒྲུབ་ཚོགས་ཆུང་གི་ནུས་པ་འདོན་སྤེལ་བྱས་ནས་ཐེར་འདོན་ཁུངས་སྣེ་འཚོལ་བསྡུ་དང་སྒྲུབ་སྤྲོད་ལས་དོན་ནུས་ལྡན་ངང་ཡག་པོ་བསྒྲུབས་ཏེ་ས་གནས་ཀྱིས་དུས་ཐོག་ཏུ་བཅོས་སྒྲིག་གནད་འཁེལ་ཡོང་རྒྱུར་ལྟ་སྐུལ་བྱེད་དགོས། འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། ནད་ཡམས་ཚོད་འཛིན་ཅུས། སློབ་གསོ་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་ལས་རིགས་ཀྱི་གཙོ་གཉེར་སྡེ་ཚན་གྱིས་ལས་རིགས་ཁོངས་གཏོགས་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་དཔེ་མཚོན་གྱོད་དཔེ་དམར་འདོན་ཤུགས་ཆེན་བྱས་ནས་ཟིལ་གནོན་གྱི་ནུས་པ་ཏན་ཏིག་ཐོན་པ་བྱེད་དགོས།
(བཅུ་བདུན) བཀག་སྡོམ་ལོགས་བཀར་མི་སྣར་ཞབས་ཞུ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་གནས་ཁག་གིས་འཚོ་བའི་དངོས་ཟོག་འགན་ལེན་ལས་དོན་གྱི་ཆེད་སྒྲུབ་ཚོགས་ཆུང་བཙུགས་ནས་འཚོ་བའི་མཁོ་ཆས་ཁྲོམ་རའི་མཁོ་སྤྲོད་དང་། བཀག་སྡོམ་ཁུལ་ཆུང་དུ་སྡེབ་སྐྱེལ། ས་ཁོངས་ཀྱི་མཉམ་འབྲེལ་འགན་ལེན་མཁོ་སྤྲོད་སོགས་ཀྱི་སྔོན་ཇུས་དུས་ཐོག་ཏུ་བཟོ་བ་དང་འཐུས་ཚང་དུ་བཏང་སྟེ། དམངས་འཚོའི་ཚོང་ཟོག་གལ་ཆེན་གྲབས་གསོག་ཡག་པོ་བྱེད་དགོས། སྡེ་ཁུལ་གྱི་རྒྱུན་སྡོད་མི་འབོར་གྱི་རྨང་གཞིའི་ཆ་འཕྲིན་ཁྱོན་ཡོངས་ནས་ལེབ་བཤེར་བྱེད་པ་དང་། ཚང་སྟོང་ཁེར་སྡོད་ཀྱི་རྒན་རྒོན་དང་། དཀའ་ངལ་ཡོད་པའི་བྱིས་པ། སྦྲུམ་མ། བང་གཞུག་བུད་མེད། གཞི་ནད་ཡོད་མཁན་སོགས་གཙོ་གནད་མི་སྣའི་གནས་ཚུལ་ཁོང་དུ་ཆུད་པ། གཙོ་གནད་མི་སྣའི་གསལ་ཐོ་དང་རིམས་ནད་ཐོན་རིང་གི་དགོས་མཁོའི་གསལ་ཐོ་བཟོ་བ་བཅས་བྱེད་དགོས། བཀག་སྡོམ་ས་ཁོངས་ཀྱི་མཐའ་སྣེའི་སྡེབ་སྐྱེལ་ལེགས་སུ་གཏོང་བ་དང་། འཚོ་བའི་དངོས་ཟོག་མཁོ་སྤྲོད་ཀྱི་ཆེད་དོན་སྟོབས་ཤུགས་གསལ་པོ་བཟོ་བ། ཁུལ་ཆུང་ནང་གི་དངོས་ཟོག་དང་ལེན་ས་ཚིགས་འཛུགས་པ་བཅས་བྱས་ནས་སྡེབ་སྐྱེལ་གྱི“མཐའ་མའི་འགག་གནད”ཐག་གཅོད་བྱེད་དགོས། སྡེ་ཁུལ་གྱིས་སྨན་བཅོས་སྒྲིག་གཞི་དང་སྨན་རྫས་ཚོང་ཁང་སོགས་དང་ཐད་སྦྲེལ་ཁ་པར་འཛུགས་པར་མཛུབ་ཁྲིད་བྱེད་པ་དང་། སྡེ་ཁུལ་དུ་ཆེད་སྤྱོད་རླངས་འཁོར་བཀོད་སྒྲིག་བྱེད་པ། ཞབས་ཞུ་འབྲེལ་མཐུད་ཡག་པོ་བྱེད་པ། ཐོག་མའི་ནད་དཔྱད་མཁན་གྱི་འགན་འཁྲིའི་ལམ་ལུགས་དང་དོས་དྲག་ཉེན་ལྕིའི་ནད་པ་མྱུར་སྐྱོབ་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། རྒྱུ་མཚན་གང་རུང་ལ་ཁ་གཡར་ནས་ནད་གཞི་མི་ལྟ་བ་བྱེད་མི་ཆོག་པ། གྲོང་མིའི་སྨན་བཅོས་དང་སྨན་རྫས་སོགས་ཀྱི་དགོས་མཁོ་འགན་ལེན་བཅས་བྱེད་དགོས། བཀག་སྡོམ་ལོགས་བཀར་མི་སྣར་སེམས་གསོ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པ་དང་རྒན་རྒོན་དང་། ཉམ་ཞན། ནད་པ། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིར་སེམས་ཁུར་དང་རོཌ་རམ་བྱེད་ཤུཌ་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་ཡག་པོ་བྱེད་དགོས།
(བཅོ་བརྒྱད) སློབ་གྲྭའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ལེགས་སུ་གཏོང་དགོས། སློབ་གྲྭ་དང་ས་གནས་ཀྱི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། མཉམ་འགོག་མཉམ་སྡོམ་གྱིས་སློབ་གྲྭའི་རིམས་ནད་འཕྲལ་སྡོམ་ཐག་གཅོད་འགན་ལེན་ལ་ཤུགས་སྣོན་རྒྱག་པ། སློབ་གྲྭར་བརྒྱུད་འདྲེན་ལོགས་བཀར་དང་། ཉིང་སྐྱུར་བརྟག་དཔྱད། རིམས་དཔྱད་ཁུངས་འདེད། ཁོར་ཡུག་དུག་སེལ། འཚོ་བའི་དངོས་ཟོག་འགན་ལེན་སོགས་ཀྱི་ལས་དོན་སྔོན་ལ་བཀོད་སྒྲིག་བྱེད་པ། སློབ་གྲྭའི་རིམས་ནད་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་གཏོང་བ། སློབ་གྲྭས་མྱུར་ལ་མྱུར་བཅོས་ཀྱིས་རིམས་ནད་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བཅས་བྱེད་དགོས། ས་གནས་ཁག་དང་སློབ་གྲྭ་ཁག་གིས་རྒྱལ་ཁབ་དང་སློབ་གསོའི་སྡེ་ཚན་གྱི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལག་བསྟར་ནན་པོ་བྱས་ནས་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་པ་ལས། འཁྲི་འགན་རིམ་སྣོན་གྱིས་དོ་དམ་ཚོད་འཛིན་བྱེད་མི་ཆོག སློབ་གསོ་པུའུ་དང་། ཞིང་ཆེན་དང་། ས་ཁུལ། གྲོང་ཁྱེར་བཅས་རིམ་པ་ཁག་གི་སློབ་གསོའི་སྡེ་ཚན་གྱིས་སྣེ་ཁྲིད་ནས་ལས་དོན་ཆེད་སྒྲུབ་ཚོགས་ཆུང་བཙུགས་ཏེ་སློབ་གྲྭས་རང་དགར་བཀག་སྡོམ་བྱེད་པ་དང་། བཀག་སྡོམ་དུས་ཚོད་རིང་དྲགས་པ། དུས་ཡུན་རིང་པོར་སློབ་ཁྲིད་མི་བྱེད་པ། འཚོ་བའི་འགན་ལེན་རྗེས་ལུས་ཐེབས་པ། དགེ་སློབ་དང་ལས་མིའི་ནང་མིར་དོ་དམ་ཚོད་འཛིན་གྱི་བླང་བྱ་གཅིག་གྱུར་མེད་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་རེ་རེ་བཞིན་གྲལ་བཤེར་དང་སྐུལ་འདེད་དག་ཐེར་བྱེད་དགོས་པ་དང་། སྔོན་འགོག་དང་ཚོད་འཛིན་ནུས་ལྡན་མ་བྱུང་བ་དང་རིམས་འགོག་ཐལ་དྲགས་པའི་གནད་དོན་བཅོས་སྒྲིག་བྱེད་དགོས། རིམ་ཁག་སློབ་གསོའི་སྡེ་ཚན་གྱིས་ཞུ་གཏུག་ལས་སྟེགས་དང་ཐད་སྦྲེལ་ཁ་པར་བཙུགས་ཏེ་དུས་ཐོག་ཏུ་བདག་སྤྲོད་དང་། སྒྲུབ་སྤྲོད། ལན་འདེབས་བཅས་བྱེད་པ་དང་། “ཞུ་གཏུག་དང་ལེན་བྱས་ཚེ་འཕྲལ་མར་སྒྲུབ་པའི”ལམ་སྲོལ་འཛུགས་པ། གནད་དོན་དང་ལེན་མྱུར་པོ་དང་ཐག་གཅོད་ཚུར་ལན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་དགེ་སློབ་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས།
(བཅུ་དགུ) ཁེ་ལས་དང་བཟོ་ལས་གླིང་གི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱེད་དགོས། ས་གནས་ཁག་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱིས་ཆེད་སྒྲུབ་ཚོགས་ཆུང་བཙུགས་ནས་ཁོངས་གཏོགས་ཁུལ་གྱི་དམངས་གཉེར་ཁེ་ལས་ཚུད་པའི་ཁེ་ལས་དང་བཟོ་ལས་གླིང་གི་གཞི་གྲངས་མཐིལ་རྟོགས་བྱས་ཏེ། “ཁེ་ལས་རེར་ཐབས་ཇུས་རེ”དང“གླིང་རེར་ཐབས་ཇུས་རེར”བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཐག་གཅོད་སྔོན་ཇུས་བཟོ་དགོས།
(ཉི་ཤུ) སོར་ལུས་མི་སྣ་རིགས་དབྱེ་ནས་གོ་རིམ་ལྡན་པའི་ངང་བརྒྱུད་འདྲེན་ཡག་པོ་བྱེད་དགོས། རིམས་ནད་ཐོན་པའི་ས་གནས་ཀྱིས་ཉེན་ཁའི་ས་ཁོངས་དུས་ཐོག་དང་གནད་ལ་འཁེལ་པོས་དབྱེ་བ་ཕྱེ་ནས། ཉེན་ཁ་ཆེ་ཁུལ་དུ་མེད་པའི་ཕྱོགས་མིར་ཉེན་ཁ་ཚོད་སྐོར་བྱས་རྗེས། ཁ་འབྲལ་རྒྱུར་མོས་མཐུན་བྱེད་དགོས་པ་ལས། སོར་ལུས་ཀྱི་གནས་ཚུལ་མི་ཐོན་པ་བྱེད་དགོས། ད་དུང་ཕྱིར་ལོག་པའི་ལམ་བར་དུ་འགོག་སྲུང་ཡག་པོ་བྱེད་དགོས། མི་མང་པོ་རང་སོར་ལུས་པའི་ས་ཁུལ་དུ་བརྒྱུད་འདྲེན་ཇུས་གཞི་ཆེད་མངགས་བཟོས་ནས། རྡོག་ཐོན་བྱ་ཡུལ་དང་དམིགས་སའི་ཡུལ་དབར་གྱི་ཆ་འཕྲིན་སྤེལ་རེས་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་དགོས་ལ། རིམས་ནད་ཕྱི་ལ་མི་མཆེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བཀོད་སྒྲིག་འོས་འཚམ་བྱེད་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་དང་། དམངས་སྤྱོད་མཁའ་འགྲུལ། རྒྱལ་ཁབ་ལྕགས་ལམ་སོགས་ཀྱི་ཚན་པས་འགྲིམ་འགྲུལ་གྱི་འདྲེན་ནུས་འགན་ལེན་ཧུར་ཐག་བྱེད་དགོས། དམིགས་སའི་ཡུལ་གྱིས་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་སོར་ལུས་མི་སྣ་ཕྱིར་ལོག་བྱེད་པར་གཏན་འགོག་བྱེད་མི་རུང་བ་དང་ཆབས་ཅིག་བླང་བྱ་ལྟར་ཕྱིར་ལོག་མི་སྣའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་དགོས། ད་དུང་རིམས་ནད་ཕྱི་ལ་མི་མཆེད་པ་བྱེད་དགོས་ལ། འཁྲི་འགན་རིམ་སྣོན་གྱི་དོ་དམ་ཚོད་འཛིན་ཡང་བྱེད་མི་ཆོག
འགན་འཁུར་རྩོམ་སྒྲིག་པ། 德吉普尺
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣