ལྷད་མེད་བརྩེ་སེམས་བཅངས། འགལ་རྐྱེན་སྣ་ཚོགས་བསལ།
2013ལོར། བོད་བྱང་ཐང་གི་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་པོ་དེ་བསྐྲུན་ཞིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ནག་ཆུ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་སྤྱི་ཚེ་རིང་ལྷ་མོས་ནག་ཆུ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོ་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པའི་བརྒྱུད་རིམ་ཧྲིལ་པོ་མིག་མཐོང་ལག་ཟིན་བྱུང་ཡོད། ད་ཆ་དམིགས་བསལ་གྱི་ཕྲུ་གུ་མང་དག་ཅིག་ཁོང་དང་ལས་རོགས་ཚོའི་སློབ་གསོ་དང་རོགས་རམ་འོག་ངོ་མཚར་ཆེ་བའི་མི་ཚེའི་ལམ་བུར་བསྐྱོད་ཡོད།
“གཤོག་ལྟེབ་ཕོ་ཉ”འཚོལ་བ།
འདི་ལོ་ལོ་47ལ་སླེབས་པའི་ཚེ་རིང་ལྷ་མོ་ནི་ཆུང་བྱིས་པའི་དུས་ནས་ནག་ཆུར་འཚར་ལོངས་བྱུང་བ་ཞིག་ཡིན་ཞིང་། 1994ལོར། བོད་ལྗོངས་མི་རིགས་སློབ་གླིང་གི་འབྲིང་རིམ་དགེ་འོས་འཛིན་གྲྭ་ཐོན་རྗེས་ཕ་ཡུལ་གྱི་སློབ་གསོའི་བྱ་གཞག་ལ་གཞོལ་འགོ་ཚུགས།
2003ལོར། སློབ་སྦྱོང་སྒྲོག་འགྲེལ་ཚོགས་འདུ་ཞིག་ནས་ཚེ་རིང་ལྷ་མོས་དམིགས་བསལ་སློབ་གསོར་རྒྱུས་མངའ་ཐེངས་དང་པོ་བྱུང་། འོན་ཀྱང་སྐབས་དེ་དུས་ཁོང་ཨ་མདོ་རྫོང་གི་ཆ་ཚང་སློབ་འབྲིང་དུ་དགེ་རྒན་གནང་བཞིན་ཡོད།
ཁོང་གིས“སྒྲོག་འགྲེལ་ཉན་རྗེས་དམིགས་བསལ་སློབ་གསོའི་བྱ་གཞག་ལ་གཞོལ་ཚེ་དངོས་གནས་དོན་སྙིང་ཆེན་པོ་འདུག་སྙམ་བྱུང་། འོན་ཀྱང་སྐབས་དེར་ནག་ཆུ་ས་ཁུལ་དུ་ད་དུང་སློབ་གྲྭ་དེ་རིགས་མེད་པས། གལ་སྲིད་ནམ་ཞིག་ནག་ཆུར་དམིགས་བསལ་སློབ་གསོའི་སློབ་གྲྭ་ཞིག་བཙུགས་ཚེ་ལས་ཀར་འགྲོ་འདོད་ཆེན་པོ་སྐྱེས་བྱུང”ཞེས་གསུངས།
2013ལོར། ཚེ་རིང་ལྷ་མོ་དམིགས་བསལ་སློབ་གསོའི་བྱ་གཞག་ནང་ཞུགས་པའི་ཕུགས་འདུན་གཞི་ནས་མངོན་འགྱུར་བྱུང་། ལོ་དེའི་ཟླ་8པར། ནག་ཆུ་ས་ཁུལ་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་བཙུགས་པ་དང་ཚེ་རིང་ལྷ་མོ་ཡང་རྩ་འཛུགས་ཀྱི་བསྐོ་གཞག་ལྟར་སློབ་གྲྭའི་སློབ་སྤྱི་གནང་།
“མི་མང་པོ་ཞིག་གིས་དམིགས་བསལ་སློབ་གསོའི་སློབ་གྲྭ་ཡོད་མེད་གསལ་པོ་ཤེས་ཀྱི་མེད་པས། སློབ་གྲྭ་བཙུགས་རྗེས་ཀྱི་ལས་འགན་དང་པོ་ནི་སློབ་མ་འཚོལ་རྒྱུ་དེ་རེད”ཅེས་ཚེ་རིང་ལྷ་མོས་གསར་འགོད་པར་གསུངས།
“2013ལོར་ང་ཚོ་འབྲི་རུ་རྫོང་བན་དཀར་ཤང་དུ་བསྐྱོད་པ་ཡིན། སྐབས་དེ་དུས་ས་ཆ་ཁ་ཤས་སུ་ད་དུང་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་ཁར་རི་ལམ་གཟར་བས་བདེ་འཇགས་ཆེད་རྐང་ཐང་མར་མི་འགྲོ་ཀ་མེད་བྱུང་། ལམ་འགྲམ་ནི་གཡང་གཟར་ཡིན་པས་མར་བལྟས་ཚེ་གྲོག་རོང་གཡང་གཟར་གྱི་མཐིལ་མཐོང་ཐུབ། སྐབས་དེ་དུས་ཀྱི་རི་ལམ་བསམ་བློར་འཁོར་ཚེ་ད་ལྟའང་ཞེད་སྣང་སྐྱེ་གི་འདུག”ཅེས་ཚེ་རིང་ལྷ་མོས་དྲན་གསོ་བྱེད་བཞིན་གསུངས།
གལ་ཏེ་ལམ་བར་གྱི་དཀའ་ཚེགས་དག་སློབ་བསྡུའི་འགག་སྒོ་དང་པོ་དེ་རེད་ཅེས་བརྗོད་ཚེ་དེ་ལས་ཀྱང་གལ་ཆེ་བའི་འགག་སྒོ་གཞན་ཞིག་ནི་ཁྱིམ་བདག་ཚོའི་ཡིད་ཆེས་ཐོབ་པ་བྱ་རྒྱུ་དེ་རེད། “ཐོག་མར་ཁྱིམ་བདག་ཚོར་ཡང་ཐེ་ཚོམ་ཆེན་པོ་ཡོད་དེ། འོན་ལྐུགས་བྱིས་པ་དག་སློབ་གྲྭར་བཏང་ཚེ་འབྲེལ་འདྲིས་ཇི་ལྟར་བྱེད་དགོས་པ་དང་། བྱིས་པ་ལོང་བས་མིག་མི་མཐོང་བས་སློབ་སྦྱོང་སྤྲོས་བྲལ་རེད་ཅེས་པ་སོགས་བསམ་བློ་གཏོང་མཁན་ཡོད”ཅེས་ཚེ་རིང་ལྷ་མོས་གསུངས།
དེ་དག་གི་ཁྲོད་ནས་འབྱོར་ཆུང་ཞེས་པའི་ཁྱིམ་བདག་ཅིག་ཡོད་པ་དེའི་ཚ་མོ་ཚེ་རིང་གཡང་འཛོམས་དང་ཚ་བོ་བློ་བཟང་ཚེ་རིང་གཉིས་ཀར་རིག་སྟོབས་ཀྱི་འགོག་རྐྱེན་ཡོད་པས། འབྱོར་ཆུང་གིས་ཕྲུ་གུ་སློབ་གྲྭར་གཏོང་བའི་ཐད་ཐེ་ཚོམ་ཆེན་པོས“ཕྲུ་གུ་གཉིས་ཀ་ཧ་ལམ་རང་མགོ་མི་ཐོན་ཁར་ཁྱིམ་དུ་ལས་ཀ་གང་ཡང་བྱེད་མི་ཐུབ་པས། ཁོ་ཚོ་སློབ་གྲྭར་བཏང་ཚེ་དངོས་གནས་སློབ་སྦྱོང་བྱེད་ཐུབ་བམ”ཞེས་འདྲི་སྐབས། ཚེ་རིང་ལྷ་མོས་ངང་རྒྱུད་རིང་པོས་འབྱོར་ཆུང་ལ་རྒྱལ་ཁབ་ཀྱི་སྲིད་ཇུས་དང་སློབ་གྲྭའི་སློབ་ཁྲིད་བྱེད་སྟངས་སོགས་ཧ་ལམ་ཞོགས་པ་གཅིག་ཙམ་འགྲེལ་བཤད་བརྒྱབ་མཐར་གཞི་ནས་ཁོང་ལ་གོ་བསྐོན་སློབ་གསོ་ཐེབས་ཙམ་བྱུང་།
འགྱུར་ལྡོག་མཐོང་བས་ཡིད་ཆེས་སྔར་བས་ཆེ་རུ་སོང་ཞིང་། ད་ཆ་ཕྲུ་གུ་གཉིས་པོ་སློབ་གྲྭའི་འཚོ་བ་ཡོངས་སུ་འཕྲོད་ཡོད་ལ་ད་དུང་ལོ་རིམ་ཀྱང་འཕར་ཉེར་ཡོད། སློབ་གོས་གྱོན་ཞིང་རང་སྤོབས་ཀྱིས་ཁེངས་པའི་ཕྲུ་གུ་གཉིས་མཐོང་སྐབས་འབྱོར་ཆུང་སེམས་འགུལ་ཐེབས་བཞིན་མིག་ཆུ་དབང་མེད་དུ་ཤོར།
ཉེ་བའི་ལོ་བཅུ་ལྷག་ཙམ་གྱི་རིང་། ཚང་མ་སྔོན་ཆད་དང་མི་འདྲ་བ་སྟེ། ཁྱིམ་བདག་ཚོ་སྔར་གྱི་ཐེ་ཚོམ་ནས་ད་ལྟའི་སློབ་གྲྭའི་སློབ་གསོ་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་དྲིན་ཚོར་ཆེན་པོ་བྱེད་པ་དང་། སློབ་མ་ཚོ་ནི་སློབ་གྲྭར་ཞུགས་མ་ཐག་པའི་ཁེར་སྡོད་སྨྲ་བ་ཉུང་བ་ནས་བག་ཡངས་སྤྲོ་སྣང་ལྡན་པར་གྱུར་པ། དགེ་རྒན་ཚོ་ཡང་ལ་བརྒྱབ་ཀླུང་བརྒལ་གྱིས་སློབ་ཕྲུག་འཚོལ་བ་ནས་ཁྱིམ་བདག་ཚོས་རང་འགུལ་ངང་ཕྲུ་གུ་ཁྲིད་དེ་སློབ་གྲྭར་མིང་ཐོ་འགོད་པར་ཡོང་བ་བཅས་ཀྱི་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
ལྷད་མེད་བརྩེ་སེམས་ལ་བརྟེན་ནས་འགལ་རྐྱེན་སྣ་ཚོགས་བསལ་བ།
དམིགས་བསལ་སློབ་གསོའི་དཀའ་ཚེགས་ནི་སྐྱེ་བོ་ཀུན་གྱིས་ཤེས་གསལ་རེད། ཕྲུ་གུ་ལ་ལ་འཚོ་བར་རང་མགོ་མི་ཐོན་པ་དང་རྒྱུས་མངའ་མེད་པའི་ཁོར་ཡུག་མི་འཕྲོད་པས། ཚེ་རིང་ལྷ་མོ་དང་སློབ་གྲྭའི་དགེ་རྒན་ཚོས་རྟག་ཏུ་ངང་རྒྱུད་རིང་པོས་ཁོང་ཚོར་ལྟོ་ཟ་སྟངས་དང་གོས་གྱོན་སྟངས་སོགས་སློབ་དགོས་པ་མ་ཟད། ཐ་ན་འཚོ་བའི་ཁྲོད་ཁྱིམ་བདག་གི་འགན་ཁུར་ཏེ་ཁོ་ཚོར་ལྟོ་སྟེར་བ་དང་། གཟུགས་པོ་འཁྲུ་བ། གྱོན་གོས་བཀྲུ་བ་བཅས་བྱེད་ཀྱི་ཡོད།
སློབ་གྲྭའི་སློབ་མ་སྐབས་དང་པོ་དེ་དག་ནི་ནག་ཆུའི་ས་གནས་ཁག་ནས་བསྡུས་པ་ཤ་སྟག་ཡིན་པས་ལོ་ཁྱད་ཧ་ཅང་ཆེན་པོ་ཡོད་ཅིང་། ཆུང་ཤོས་ལོ་7དང་ཆེ་ཤོས་ལོ་16རེད། ལོ་ན་ཆེ་ཆུང་མི་འདྲ་བའི་ཕྲུ་གུ་དེ་དག་ཡང་བསྐྱར་མིག་ཤེད་ཉམས་པ་དང་། རྣ་ཤེས་ཉམས་པ། སྐད་བརྡའི་འགོག་རྐྱེན་ཡོད་པ་བཅས་རིགས་གསུམ་དུ་ཕྱེ་ནས། རིགས་སོ་སོར་དབང་པོ་སྐྱོན་ཅན་གྱི་ཚབས་ཆེ་ཆུང་དང་ལོ་ཚད་ལ་གཞིགས་ཏེ་སློབ་ཚན་གྱི་ནང་དོན་བཀོད་སྒྲིག་ཞིབ་ཕྲ་བྱེད་དགོས་ཀྱི་ཡོད།
ཚེ་རིང་ལྷ་མོས“ཁྱད་ཆོས་ལྡན་པའི་སློབ་ཚན་འཁྲིད་དགོས་ཚེ་དགེ་རྒན་གྱིས་སྔར་ལས་ལྷག་པའི་འབད་བརྩོན་དང་དཀའ་བ་སྤྱོད་དགོས་ཀྱི་ཡོད། དེ་དག་ང་ཚོའི་ཆེད་ལས་རང་བཞིན་ལ་རྟེན་དགོས་པ་མ་ཟད། ད་དུང་ང་ཚོས་ཕྲུ་གུར་བཅངས་པའི་བརྩེ་སེམས་ལ་བརྟེན་དགོས། ལྷག་པར་དུ་བརྩེ་བར་བརྟེན་ནས་སེམས་ཁུར་དང་ལྟ་རྟོག་བྱས་ཏེ་ཕྲུ་གུ་ཚོ་སྤྱི་ཚོགས་ནང་ཞུགས་པའི་འགལ་རྐྱེན་སེལ་གང་ཐུབ་བྱེད་དགོས”ཞེས་གསུངས།
“སློབ་གྲྭའི་སློབ་གཉེར་འདུ་ཤེས་ནི་ལྷད་མེད་བརྩེ་སེམས་ལ་བརྟེན་ནས་འགལ་རྐྱེན་སྣ་ཚོགས་སེལ་རྒྱུ་དེ་རེད”དམིགས་བསལ་སློབ་གྲྭའི་དགེ་རྒན་ཞིག་གི་ངོས་ནས་བརྗོད་ན། ཕྲུ་གུར་བརྩེ་བ་འཆང་རྒྱུ་ནི་གལ་ཆེ་ཤོས་ཡིན་པས། མས་བུ་ལ་བཅངས་པའི་བརྩེ་བ་ལྟར་ཁོ་ཚོའི་འཚོ་བའི་ཁྲོད་ཀྱི‘འགལ་རྐྱེན’དག་སེལ་རོགས་བྱས་ཏེ། མཐར་ཐུག་སྤྱི་ཚོགས་ནང་ཞུགས་རྒྱུར་རོགས་རམ་བྱེད་དགོས”ཞེས་ཚེ་རིང་ལྷ་མོས་གསུངས།
བརྩེ་བས་ཕྱུག་པའི་འཇིག་རྟེན་འདིར་ནམ་ཡང་སྐྱོན་ཆག་མེད།
ཏང་གི་ཚོཌ་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་གཅེས་སྐྱོང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། དབང་པོ་སྐྱོན་ཅན་གྱི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། དེས་ན་ཚེ་རིང་ལྷ་མོས་ཀྱང་དམིགས་བསལ་སློབ་གསོ་སྔར་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཡིད་ཆེས་ཀྱིས་ཁེངས།
“དམིགས་བསལ་སློབ་གསོ་གཉེར་བའི་ལོ་དེ་དག་ནང་རྒྱལ་ཁབ་ཀྱིས་དམིགས་བསལ་སློབ་གསོའི་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ལུགས་དང་། དེ་བཞིན་རྒྱལ་ཁབ་ཀྱིས་དམིགས་བསལ་སློབ་གསོ་ཡག་པོ་གཉེར་བའི་ཡིད་ཆེས་དང་བྱ་སྤྱོད་དངོས་ང་ལ་མྱོང་ཚོར་ཟབ་མོ་བྱུང”ཞེས་ཚེ་རིང་ལྷ་མོས་མྱོང་ཚོར་ཟབ་མོའི་སྒོ་ནས་གསུངས།
2022ལོའི་ཟླ་5པར། ནག་ཆུ་གྲོང་ཁྱེར་གྱིས་འོན་ལྐུགས་དང་ལོང་བའི་བྱིས་པ་གཙོ་བོར་བྱས་པའི་ནག་ཆུ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་གཉིས་པ་བཙུགས་ཤིང་། ནག་ཆུ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་ནི་རིག་སྟོབས་ཞན་པའི་བྱིས་པའི་སློབ་གསོའི་རིག་ནུས་སྐྱེད་སྲིང་གི་སློབ་གྲྭ་ཞིག་ཏུ་གྱུར་ཡོད། དུས་དེ་ནས་བཟུང་ནག་ཆུ་གྲོང་ཁྱེར་འདི་ཉིད་བོད་དུ་དམིགས་བསལ་སློབ་གསོའི་སློབ་གྲྭ་གཉིས་ཡོད་པའི་ས་ཁུལ་དང་གྲོང་ཁྱེར་འབའ་ཞིག་དེར་གྱུར་ནས། བྱང་རྩྭ་ཐང་ཐོག་གི་དམིགས་བསལ་སློབ་གསོར་རིགས་དབྱེ་སློབ་གཉེར་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཞིག་ཤར་ཡོད།
ལོ་22ལ་སླེབས་པའི་འབྲུག་གྲགས་ནི་ནག་ཆུ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་མ་ཁག་དང་པོའི་གྲས་ཤིག་རེད། 2016ལོར། སློབ་གྲྭའི་དགེ་རྒན་གྱི་མཛུབ་ཁྲིད་འོག་འབྲུག་གྲགས་བདེ་བླག་ངང་ལོང་བའི་མཐོ་རྒྱུགས་འཕྲོད་ནས་ནན་ཅིང་དམིགས་བསལ་སློབ་གསོའི་དགེ་འོས་སློབ་གླིང་དུ་ཚུད། ད་ཆ་སློབ་གྲྭ་ཐོན་ཟིན་པའི་ཁོང་ནག་ཆུ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་གཉིས་པར་ལས་ཀ་བྱེད་པར་འགྲོ་རྩིས་ཡོད།
“ང་རང་སློབ་ཆེན་དུ་རྒྱུགས་འཕྲོད་པ་ནི་དམིགས་བསལ་སློབ་གསོས་ངའི་ལས་དབང་ལ་འགྱུར་ལྡོག་བཏང་བ་ཞིག་རེད། ངོ་མ་བསམ་ཡུལ་ལས་འདས་སོང”ཞེས་བཤད།
མིག་སྔའི་བར། ནག་ཆུ་གྲོང་ཁྱེར་གྱི་དམིཌ་བསལ་སློབ་གསོའི་སློབ་གྲྭའི་སློབ་མ་65ལས་ཞུགས་ལས་གཏོད་དང་། འཛིན་གྲྭ་དང་མཉམ་དུ་སློབ་སྦྱོང་། ལོ་རིམ་འཕར་བ་བཅས་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་བ་དང་། སློབ་མ་17རྒྱལ་ཡོངས་ཀྱི་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་གཉིས་ནང་ཞུགས་པ་རེད།
“ནག་ཆུ་གྲོང་ཁྱེར་གྱི་དམིཌ་བསལ་སློབ་གྲྭ་བཙུགས་ནས་ད་བར་ལོ་བཅུ་ཡང་འགྲོ་གི་མེད་རུང་ཕུལ་བྱུང་ཚོགས་པ་ཞིག་གྲུབ་ཡོད་པ་དེས་ཕྲུ་གུ་མི་ཉུང་བ་གསོ་སྐྱོང་བྱས་ཡོད་ལ། ཕྲུ་གུ་དེ་དག་ཁྱིམ་ཚང་གི་སྤོབས་པར་ཡང་གྱུར་ཡོད། དགེ་རྒན་ཞིག་ཡིན་པའི་ངོས་ནས་སྤོབས་པ་ཆེན་པོ་སྐྱེ་གི་འདུག”ཅེས་ཚེ་རིང་ལྷ་མོས་གསུངས།
“གཟུགས་པོའི་དབང་སྐྱོན་ལ་ང་ཚོས་འགྱུར་ལྡོག་གཏོང་ཐབས་མེད་ཀྱང་འཇིག་རྟེན་ནི་བརྩེ་བས་ཕྱུག་པ་ཞིག་རེད། ངས་དམིགས་བསལ་སློབ་གསོའི་ལས་ལ་མུ་མཐུད་གཞོལ་རྒྱུ་ཡིན”འོས་འགན་སློབ་གསོ་ནས་སློབ་ཞུགས་གོང་གི་སློབ་གསོ་དང་དེ་ནས་དམིགས་བསལ་སློབ་གསོའི་བར། ཚེ་རིང་ལྷ་མོས་སློབ་གསོའི་བྱ་གཞག་གཞོལ་ནས་ལོ་28སོང་རིང་ཕྲུ་གུ་ཚང་མ་བདེ་ཐང་ངང་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བའི་ཐོག་མའི་བསམ་འདུན་བརྟན་པོར་བསྲུངས་དང་སྲུང་མུས་རེད།
འགན་འཁུར་རྩོམ་སྒྲིག་པ། 德吉普尺
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣